དབུ་ཤོག>སྲིད་དོན།
  • མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ“དོན་ཆེན་བཞི”གཞི་རྩར་འཛིན་པ་དང“འཛུགས་གཏོད་བཞིར”དམ་པོར་དམིགས་ཏེ་དུས་རབས་གསར་པའི་བོད་ཀྱི་མི་དམངས་འཐུས་ཚོགས་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-08

    2ad65383-75a6-4073-84fd-5952f1d2099f.jpg.jpg

    ཟླ་7ཚེས་6ཉིན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ།

    e8196f5e-77b5-4685-b68f-90d2f849ad9b.jpg.jpg

    ཟླ་7ཚེས་6ཉིན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་ཞིང་། འདི་ནི་ཚོགས་ར་ཡིན་པ།

    ཚེས་6ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ། རྒྱལ་ཁབ་ཀྱི་ལམ་ལུགས་དང་བཅོས་སྐྱོང་མ་ལག་ཁྲོད་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ངེས་གནས་གསར་པ་དང་ལས་འགན་གསར་པ་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། ཏང་གིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མཐའ་འཁྱོངས་དང་གོང་འཕེལ་གཏོང་བ། “དོན་ཆེན་བཞི”དང་། “འགན་ལེན་བཞི”གཞི་རྩར་བཟུང་བ་དང“གསར་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”དམ་པོར་དམིགས་པ། ཁྲིམས་ལྟར་རང་འགན་གཙང་སྒྲུབ་དང་རང་འགུལ་ངང་རང་འགན་ཐེག་པ་ཁུར་ལེན་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ལས་དོན་དུས་བསྟུན་མདུན་སྐྱོད་དང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་ཆེད་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཕྱོགས་སྡོམ་གསུང་བཤད་གནང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དབང་ཧའེ་ཀྲོའུ་དང་། ཕུར་བུ་དོན་གྲུབ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། 

    ཝང་ཅུན་ཀྲེང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་གཏིང་ཟབ་བསྐྱོན་པ་དང་། བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོའི་འདུ་ཤེས་གལ་ཆེན་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་གནང་ནས། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། དེར་བརྟེན་ང་ཚོས་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཏེ་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་དང་དུས་རབས་གསར་པར་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་ལ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་མཐའ་འཁྱོངས་དང་དུས་བསྟུན་མདུན་སྐྱོད་ཀྱིས་འཐུས་སྒོ་ཚང་དུ་གཏོང་བ་དང་། རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་འགན་ནུས་སྔར་བས་ལེགས་པར་བཏོན་ཏེ། མི་དམངས་འཐུས་ཚོགས་ལམ་ལུགས་ཀྱི་ལེགས་ཆ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཅོས་སྐྱོང་གི་ནུས་ཕྱོད་ལ་དེ་བས་ལེགས་པར་སྒྱུར་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ལས་དོན་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། གྲུབ་འབྲས་དེ་དག་ཐོབ་པའི་རྩ་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་ཐུག་པ་དང་། དེ་བཞིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཛུབ་ཁྲིད་ནུས་ལྡན་དང་ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་པས་སེམས་ནུས་གཅིག་སྒྲིལ་དང་ཐུན་མོང་འབད་བརྩོན་བྱས་པའི་འབྲས་བུ་རེད། ང་ཚོས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་ཡག་པོ་དང་། གོ་བ་ཡག་པོ་ལེན་པ། ལག་ལེན་ཡག་པོ་བསྟར་བ། དོན་འཁྱོལ་ཡག་པོ་བཅས་བྱས་ཚེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་ལ་རྣམ་པ་གསར་པ་བཏོད་པ་དང་། ཕན་འབྲས་གསར་པ་ཐོན་པ། རྣམ་པ་གསར་པ་མངོན་པ། སྐས་རིམ་གསར་པ་ཞིག་ཏུ་སླེབས་ཐུབ་པ་བཅས་ལག་ལེན་ལས་ར་འཕྲོད་གང་ལེགས་བྱུང་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ནས། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་བས་ཆེ་རུ་བཏང་སྟེ་ཀྲུང་དབྱང་གི་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུའི་དགོངས་དོན་བོད་དུ་དོན་འཁྱོལ་ཞིབ་ཚགས་ཡོང་བར་སྐུལ་འདེད་གཏོང་དགོས། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་ནུས་པ་གང་ལེགས་བཏོན་ནས། རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་ལས་དབང་མི་དམངས་ཀྱི་ལག་ཏུ་དམ་པོར་འཛིན་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ཏེ་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་དུས་རབས་གསར་པའི་བོད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ཀྱི་ལེའུ་གསར་པ་ཡག་པོ་རྩོམ་དགོས། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་མཚོན་པ་དང་གནས་ཚུལ་གསལ་ཞུ་བྱེད་ཐབས་ཤར་བགྲོད་ཐད་ཀྱི་ལེགས་ཆ་གང་ལེགས་བཏོན་ནས། དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐུལ་སློང་དང་གསར་གཏོད་ཀྱི་གསོན་ཤུགས་མཐའ་དག་སྐུལ་སློང་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས། ཁྲིམས་འཛུགས་ཀྱི་ཁྲིད་སྟོན་དང་། ཚད་གཞི། འགན་ལེན་བཅས་ཀྱི་ནུས་པ་མངོན་གསལ་དོད་དུ་བཏང་སྟེ་སྤྱི་ཚོགས་ཡོངས་སུ་ཁྲིམས་སྐྱོང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱ་ཐབས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། སྤུས་ཚད་མཐོ་བའི་འཚོ་བ། ནུས་ཕྱོད་ཆེ་བའི་བཅོས་སྐྱོང་བཅས་ལ་སྐུལ་འདེད་བཏང་སྟེ་ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་བོད་ལྗོངས་ཧུར་ཐག་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ནི་མི་དམངས་འཐུས་ཚོགས་ལས་དོན་གྱི་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་དེ་རེད། དུས་རབས་གསར་པར་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་ཆེས་རྩ་བ་ནི་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་འདི་རེད། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས་བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་དང་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་ཤུགས་ཆེ་རུ་བཏང་ནས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་བོད་དུ་ལག་ལེན་བསྟར་བ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། ཏང་ཨུད་ཀྱིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་མི་དམངས་འཐུས་ཚོགས་ཀྱི་ཏང་རྩ་འཛུགས་དང་ཏང་ཡོན་གྱི་ནུས་པ་གང་ལེགས་བཏོན་ཏེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་འོག་སྤེལ་ཐུབ་པའི་འགན་ལེན་དང་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་མཐའ་གཅིག་ཏུ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་གསལ་བཏོན་གནང་བའི“དོན་ཆེན་བཞི”ལག་བསྟར་དོན་འཁྱོལ་ལ་དམིགས་ནས“འཛུགས་གཏོད་བཞིའི”འབད་འཐབ་དམིགས་ཚད་བཏོན་ཡོད། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་དམིགས་བསལ་ལེགས་ཆ་གང་ལེགས་བཏོན་ནས་བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་ཀྱི་ལས་དོན་སྤྱི་ཡོངས་ལ་གཞི་བཙུགས་ཏེ“དོན་ཆེན་བཞི”གཞི་རྩར་བཟུང་བ་དང“འཛུགས་གཏོད་བཞིར”ནུས་ཤུགས་གཅིག་སྡུད་དང་མི་དམངས་འཐུས་ཚོགས་ཀྱི་འགན་ནུས་ཁྲིམས་ལྟར་ལག་བསྟར་བྱས་ཏེ་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་སྐྱེས་སུ་ཧུར་ཐག་འབུལ་དགོས། རྩ་ཁྲིམས་དང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་དྲིལ་བསྒྲགས་སློབ་གསོར་དམ་འཛིན་དང་། ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་ཞིབ་བཤེར་ལས་དོན་ཡག་པོ་སྒྲུབ་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོར་གཏོང་ལ་ཤུགས་སྣོན་བརྒྱབ་སྟེ་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་འཛུགས་ལས་དོན་གྱི་གཙོ་ཁྲིད་ནུས་པ་ཏན་ཏིག་བཏོན་ནས་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”དམིགས་པ་དང་། གཙོ་གནད་ཁྱབ་ཁོངས་དང་གསར་དར་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན། དངོས་སྒྲུབ་དང་། ནུས་ལྡན། གོ་ཆོད་བཅས་མཐའ་འཁྱོངས། ཁྲིམས་འཛུགས་ཀྱི་དམིགས་སའི་རང་བཞིན་དང་། སྤྱོད་གོ་ཆོད་པའི་རང་བཞིན། བཀོལ་སྤྱོད་ཆོག་པའི་རང་བཞིན་བཅས་ཆེ་རུ་གཏོང་བ་བཅས་བྱས་ནས། ཁྲིམས་ལྟར་བོད་སྐྱོང་གི་ཁྲིམས་སྐྱོང་རྨང་གཞི་བརྟན་དུ་གཏོང་དགོས། ལྟ་སྐུལ་གྱི་ཕན་འབྲས་དངོས་ཆེ་རུ་ཏན་ཏིག་བཏང་ནས་ལྟེ་བར་དམིགས་པ་དང་། དམངས་འཚོར་ཕྱོགས་པ། ལྟ་སྐུལ་བྱེད་སྟངས་སྣ་ཚོགས་ལ་སྤྱི་འདོམས་བེད་སྤྱོད་ཡག་པོ། ལྟ་སྐུལ་ཡང་དག་དང་། ལྟ་སྐུལ་ནུས་ལྡན། ཁྲིམས་ལྟར་ལྟ་སྐུལ་བཅས་བྱེད་པ། ཁྲིམས་བསྟར་ཞིབ་བཤེར་གྱི“བཅའ་ཁྲིམས་སྐོར་གཟིགས”ཀྱི་ལྟ་སྐུལ་སྤུ་གྲིའི་ནུས་པ་གང་ལེགས་འདོན་པ་བཅས་བྱས་ཏེ། ས་གནས་ཁག་གི་རྒྱལ་ཁབ་ལས་ཁུངས་ཀྱིས་ཁྲིམས་ལྟར་དབང་ཆ་སྤྱོད་པ་དང་ཁྲིམས་ལྟར་འབྲེལ་ཡོད་ལས་དོན་གྱི་འགན་འཁྲི་དོན་འཁྱོལ་ལ་འགན་ལེན་བྱེད་པ་དང་། སྤྱི་དམངས་དང་། ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་དགོས། འབྲེལ་ཟམ་གྱི་ནུས་པ་གང་ལེགས་བཏོན་ཏེ“འབྲེལ་གཏུག་གཉིས”ཀྱི་ལམ་ལུགས་དོན་འཁྱོལ་ལ་ཤུགས་སྣོན་དང་། འཐུས་མིའི་སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་འདོན་པ། འཐུས་མིའི་འགན་སྒྲུབ་ཞབས་ཞུར་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། འཐུས་མིའི་གྲོས་གཞི་དང་གྲོས་འགོ་སྒྲུབ་གཉེར་ཡག་པོ། འཐུས་མིའི་འགན་སྒྲུབ་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཐུན་མོང་གི་ངོས་འཛིན་དང་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་རང་རྟོགས་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པའི་ཆབ་སྲིད་ལས་ཁུངས་དང་། མི་དམངས་རང་ཁྱིམ་རང་བདག་ལ་འགན་ལེན་བྱེད་པའི་རྒྱལ་ཁབ་ཀྱི་དབང་ཆའི་ལས་ཁུངས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ཁག་ཕྱོགས་ཡོངས་ནས་འཁུར་བའི་ལས་ཁུངས། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་མཐའ་འཁྱོངས་བྱེད་པའི་འཐུས་མིའི་ལས་ཁུངས་བཅས་སུ་འགྱུར་བར་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་ནི་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་པས། རིམ་ཁག་ཏང་ཨུད་ཀྱིས་ཏང་གིས་མི་དམངས་འཐུས་ཚོགས་ལས་དོན་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་ལྟར་འགན་དབང་སྤྱོད་པ་དང་ལས་དོན་སྒྲུབ་པར་རྒྱབ་སྐྱོར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ལས་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བའི་དོན་སྙིང་གལ་ཆེན་དང་དོན་དངོས་ཀྱི་བླང་བྱ་གསལ་འགྲེལ་གཏིང་ཟབ་གནང་བ་དང་། གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་ནི་མི་དམངས་འཐུས་ཚོགས་ལས་དོན་གྱི་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་ཤིག་ཡིན་པ་དམིགས་སུ་བཀར་ནས་ནན་བཤད་གནང་བ། དུས་རབས་གསར་པའི་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ལས་དོན་གྱི་གཙོ་གནད་ལས་འགན་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་བ། མི་དམངས་འཐུས་ཚོགས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་བར་བླང་བྱ་དེ་བས་མཐོ་བ་ཁ་གསལ་བཏོན་གནང་བ་བཅས་ལས་དུས་རབས་གསར་པའི་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བར་ཁ་ཕྱོགས་དང་ཐབས་ལམ་གསལ་སྟོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་འདི་མཐའ་འཁྱོངས་ཀྱིས་བློ་བརྟན་འགྱུར་མེད་ངང“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”དམིགས་ནས་མི་དམངས་འཐུས་ཚོགས་ཀྱི་འགན་ནུས་ལག་བསྟར་བྱས་ཏེ་དུས་རབས་གསར་པ་དང་རྒྱང་ལམ་གསར་པས་མི་དམངས་འཐུས་ཚོགས་ལས་དོན་ལ་དཀྲིས་པའི་འགན་འཁྲི་དང་ལས་འགན་ཏན་ཏིག་འཁུར་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།