དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-07

    ཚེས་5ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་དུ་བརྟག་ཞིབ་གནང་སྐབས་རང་འགུལ་ངང་བྱས་རྗེས་ཧུར་ཐག་འཇོག་པ་དང་རང་འགན་གཙང་སྒྲུབ་ཏན་ཏིག་བྱས་ཏེ་ཐོན་ལས་དཔལ་འབྱོར་དང་ཆ་འཕྲིན་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཤའོ་ཡིའུ་ཚའེ་ཡིས་ལྷན་དུ་བརྟག་ཞིབ་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་སྔ་རྗེས་སུ་ཆ་འཕྲིན་ཅན་གྱི་འགྲེམས་སྟོན་ལྟེ་གནས་དང་། གྲངས་འཛིན་དཔལ་འབྱོར་ཁྲུའུ། མ་བཅོས་རྒྱུ་ཆ་བཟོ་ལས་ཁྲུའུ་བཅས་སུ་ཕེབས་ནས་ཆ་འཕྲིན་ཅན་གྱི་ལས་སྟེགས་འཛུགས་སྐྲུན་དང་། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས། དེ་བཞིན་བཟོ་ལས་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ་ལས་ཀའི་སྙན་སེང་གསན་པ་རེད།

    ཡན་ཅིན་ཧའེ་ཡིས་བཟོ་ལས་དཔལ་འབྱོར་དར་རྒྱས་ལ་སྐུལ་འདེད་གཏོང་བར་གྲུབ་ཆ་ལེགས་གཏོང་དང་། ལག་རྩལ་གསར་གཏོད། ལྗང་མདོག་ཐཱན་ཉུང་། འཁོར་རྒྱུག་འཕེལ་རྒྱས་བཅས་ཀྱི་ཐད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། ཁྱད་ཆོས་ཡོད་པ་བྱེད་པ་དང་། དཔེ་སྟོན་དུ་གྱུར་བ་བཅས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། གཞི་གྲངས་མཐིལ་རྟོགས་དང་། རྨང་གཞི་ཡག་པོ་འདིང་བ། རྨང་གཞིའི་གྲངས་གཞིའི་མཛོད་བཟོ་བ་བཅས་བྱེད་དགོས་པ་དང་འབྲེལ་དུས་བཀག་ལྟར་གསར་བརྗེས་བྱེད་དགོས་པ་དང་། གནས་གཏན་འཁེལ་འཕྱུགས་མེད་དང་ཐབས་ལམ་ཁ་གསལ་གྱིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་མཐའ་ཚད་དུ་བྱས་ཏེ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་མཐའ་འཁྱོངས་བྱས་ནས་བྱས་རྗེས་འཇོག་ཐུབ་མིན་ལ་ལྟ་བ་དང་། “ལས་ཞུགས་ཡག་པོ་དང་། ཐོན་རྫས་སྤུས་དག སྐུལ་ཁྲིད་ཤུགས་ཆེན”བཅས་ཀྱི་ཐད་ཤུགས་རྒྱག་པ། ལྗང་མདོག་ཨར་སྐྲུན་རྒྱུ་ཆ་སོགས་སྲོལ་རྒྱུན་བཟོ་ལས་ལེགས་གཏོང་དང་རིམ་སྤོར་བྱེད་པ། བོད་ལུགས་གསོ་རིག་དང་བོད་སྨན་དང་མི་རིགས་ལག་ཤེས་སོགས་ཁྱད་ལྡན་བཟོ་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ས་མཐོའི་སྐྱེ་དངོས་དང་། རང་བྱུང་འཐུང་ཆུ། ཞིང་ཕྱུགས་ཐོན་ཟོག་ལས་སྣོན་སོགས་ས་གཙང་ཐོན་ལས་ལེགས་སུ་དང་སྟོབས་ཆེར་གཏོང་བ། དེང་རབས་ཚྭ་མཚོ་དང་ནུས་རྒྱུ་གཙང་མ་སོགས་གསར་དར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ནས་རྒྱལ་ཡོངས་སུ“ཐཱན་གཉིས”ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཆེད་བོད་ཀྱི་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ཆ་འཕྲིན་ཅན་དང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བར“གྲངས་འཛིན་ལག་རྩལ་དང་དངོས་གཞིའི་དཔལ་འབྱོར་མཉམ་འདྲེས”ཡོང་བར་བྱས་ཏེ་དངོས་གཞིར་བརྟེན་པ་དང་། དངོས་གཞིའི་ནང་ཞུགས་པ། དངོས་གཞིར་ཞབས་འདེགས་ཞུ་བ་བཅས་རྩ་བར་འཛིན་ནས་དངོས་གཞིའི་དཔལ་འབྱོར་དང་མཉམ་གནས་མཉམ་འདྲེས་ཡོང་བ་དང་སྤྱི་ཡོངས་མཐོར་འདེགས་གཏོང་དགོས་པ་དང་། “གཞི་སྒྲོམ་བརྟན་དུ”བཏང་སྟེ་དུས་རབས་གསར་པའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང“གྲངས་གཞིའི་མཚོ”ཡག་པོ་བསྐྲུན་ནས་ཆ་འཕྲིན་གྱི་བཀག་རྒྱ་མེད་པ་བཟོ་དགོས་པ། “བཀོལ་སྤྱོད་ཟབ་གཏོང”གིས་སྲིད་དོན་ཞབས་ཞུ་ཆ་འཕྲིན་ཅན་དང་། གྲངས་འཛིན་ཅན། དམངས་ཕན་ཅན་བཅས་སུ་འགྱུར་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་དང་། ཁེ་ལས་དང་མང་ཚོགས་ཀྱིས་གླེང་མང་ལ་སྒྲུབ་དཀའ་བ་དང་། སྒྲུབ་འགོར་བ། རྙོག་དྲ་ཆེ་བ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པ། “ནུས་སྤྲོད་འཕེལ་རྒྱས”ལ་བརྟེན་ཏེ་ལྷ་སའི་གྲངས་འཛིན་དཔལ་འབྱོར་ཐོན་ལས་གླིང་སོགས་འཕེལ་རྒྱས་ཀྱི་གཞི་རྟེན་ཁག་གཅིག་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་དཔལ་འབྱོར་གྱི་འཕར་གཞི་བརྟན་པོ་ཡོང་བར་བྱེད་པའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ལ་དམིགས་ཏེ་རང་ལྗོངས་ཀྱིས་བཏོན་པའི་ལག་བསྟར་ཞིབ་སྲོལ་38ཇི་མ་ཇི་བཞིན་དོན་འཁྱོལ་ཡག་པོ་བྱས་ནས“ཁེ་ལས་རེར་ཐབས་ཇུས་རེ”དང“ལས་རིགས་རེར་ཐབས་ཇུས་རེ”ཡོད་པ་བྱས་ཏེ་ཁྲོམ་རའི་སྔོན་དཔག་བརྟན་པོ་ཡོང་བར་བྱེད་དགོས། རོགས་སྐྱོར་ལ་དམ་འཛིན་དང་ཁེ་ལས་བརྟན་པོ་ཡོང་བར་བྱས་ནས་ཁེ་ལས་འབྲིང་ཆུང་གི་ལས་ཞུགས་བརྟན་པོ་ཡོང་བ་བྱེད་པའི“གཙོ་ཤུགས་དམག”ལ་དམ་པོར་དམིགས་ནས་ཐབས་བརྒྱ་ཇུས་སྟོང་གིས་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པ་དང་སྲིད་ཇུས་ཐད་ཀར་ལོངས་སུ་སྤྱོད་ཐུབ་པར་སྐུལ་འདེད་གཏོང་དགོས་པ། འབྲེལ་མཐུད་དང་ཁྲོམ་ར་བརྟན་པོ་ཡོང་བར་དམ་འཛིན་བྱས་ནས་ནུས་རྒྱུ་གསར་པའི་རླངས་འཁོར་གཤམ་སྐྱོད་དང་། ཁྱིམ་སྤྱོད་གློག་ཆས་རྙིང་ཚབ་གསར་སྤྲོད་སོགས་བཟོ་ལས་ཀྱིས་འཛད་སྤྱོད་རྒྱ་སྐྱེད་གཏོང་བའི་བྱེད་སྒོ་གསར་གཏོད་བྱེད་དགོས་པ། བཀོད་གཏོང་ལ་དམ་འཛིན་དང་འཁོར་རྒྱུག་བརྟན་པོ་ཡོང་བ་བྱས་ནས་བཟོ་ལས་དཔལ་འབྱོར་འཁོར་སྐྱོད་ཀྱི་གྲོས་མོལ་མཐུན་སྦྱོར་ལམ་སྲོལ་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་བདེ་འཇགས་ཐོན་སྐྱེད་ལ་སྤྱི་འདོམས་བྱས་ཏེ་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།