དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ཁྲོམ་རའི་དོ་དམ་སྲོལ་ཡིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-06

    (1995ལོའི་ཟླ་7ཚེས་12ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་པའི་ཐོག་གྲོས་འཆམ་བྱུང་བ། 1997ལོའི་ཟླ་3ཚེས་29ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་དག་བཅོས་ཐེངས་དང་པོ་བྱས། 2009ལོའི་ཟླ་9ཚེས་24ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་བཟོ་བཅོས་བྱས།2013ལོའི་ཟླ་7ཚེས་25ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་ཐོག་གི《〈བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲོལ་ཡིག〉སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་4ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན》གཞིར་བཟུང་དག་བཅོས་ཐེངས་གཉིས་པ་བྱས། 2021ལོའི་ཟླ་9ཚེས་29ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གཉིས་པའི་ཐོག་གི 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་བཅའ་ཁྲིམས〉ལག་བསྟར་བྱེད་རྒྱུའི་བྱ་ཐབས་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བརྒྱད་ལ་བཟོ་བཅོས་རྒྱག་རྒྱུའི་ཆོད་དོན》གཞིར་བཟུང་དག་བཅོས་ཐེངས་གསུམ་པ་བྱས)

    དཀར་ཆག

    ལེའུ་དང་པོ། སྤྱིའི་རྩ་དོན།

    ལེའུ་གཉིས་པ། ཆོག་འཐུས་དང་སྙན་དཔོད།

    ལེའུ་གསུམ་པ། གཉེར་སྐྱོང་།

    ལེའུ་བཞི་པ། དོ་དམ།

    ལེའུ་ལྔ་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    ལེའུ་དྲུག་པ། ཞར་བྱུང་།

    ལེའུ་དང་པོ། སྤྱིའི་རྩ་དོན།

    དོན་ཚན་དང་པོ། རིག་གནས་ཁྲོམ་རའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། རིག་གནས་གཉེར་སྐྱོང་བྱེད་སྒོ་ཚད་ལྡན་བཟོ་བ། འཛད་སྤྱོད་པ་དང་གཉེར་སྐྱོང་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཆེད་དུ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲོལ་ཡིག་འདི་བཟོས་པ་ཡིན།

    དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་སུ་རིག་གནས་གཉེར་སྐྱོང་དང་དོ་དམ་བྱེད་སྒོ་སྤེལ་མཁན་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་སྲོལ་ཡིག་འདིར་བརྩི་སྲུང་ཞུ་དགོས།

    དོན་ཚན་གསུམ་པ། སྲོལ་ཡིག་འདིར་བརྗོད་པའི་རིག་གནས་ཁྲོམ་ར་ཞེས་པའི་ཁོངས་སུ།

    (གཅིག)ལས་གཉེར་རང་བཞིན་གྱི་འཁྲབ་སྟོན་བྱེད་པ་དང་།

    (གཉིས)སྒྲ་ཕབ་བརྙན་འཇུག་གི་དངོས་རིགས་སྡེབ་འཚོང་དང་། སིལ་འཚོང་། གཡར་གཏོང་། སྟོན་པ་བཅས་བྱེད་པ།

    (གསུམ)དཔེ་དེབ་དང་ཚགས་པར་དུས་དེབ་སོགས་འགྲེམས་སྤེལ་དང་། སིལ་འཚོང་། གཡར་གཏོང་བཅས་བྱེད་པ།

    (བཞི)རོལ་རྩེད་ཁང་གཉེར་བ།

    (ལྔ)སྒྱུ་རྩལ་དངོས་རིགས་གཉེར་སྐྱོང་བྱེད་པ།

    (དྲུག)གློག་བརྙན་དང་བརྙན་འཕྲིན་འགྲེམས་སྤེལ་བྱེད་པ་དང་སྟོན་པ།

    (བདུན)མཉམ་སྦྲེལ་དྲ་རྒྱའི་དྲ་ཞུགས་ཞབས་ཞུའི་ལས་གཉེར་ཁང་དང་མཉམ་སྦྲེལ་དྲ་རྒྱའི་རིག་གནས་ཐོན་རྫས་གཉེར་སྐྱོང་བྱེད་པ།

    (བརྒྱད)ལས་གཉེར་རང་བཞིན་གྱི་རིག་གནས་སྒྱུ་རྩལ་སྦྱོང་བརྡར་སྤྲོས་པ།

    (དགུ)རིག་གནས་ཀྱི་བར་གཉེར་བྱེད་སྒོ་སྤེལ་བ།

    (བཅུ)རིག་གནས་གཉེར་སྐྱོང་གི་བྱེད་སྒོ་གཞན་དག་སྤེལ་བ་བཅས་ཚུད་ཡོད།

    དོན་ཚན་བཞི་པ། སྲོལ་ཡིག་འདིར་བརྗོད་པའི་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་སྡེ་ཚན་ཞེས་པ་ནི་རིག་གནས་སྲིད་འཛིན་གཙོ་འགན་སྡེ་ཚན་དང་། རླུང་འཕྲིན་གློག་བརྙན་བརྙན་འཕྲིན་གྱི་སྲིད་འཛིན་གཙོ་འགན་སྡེ་ཚན། གསར་འགྱུར་དཔེ་སྐྲུན་གྱི་སྲིད་འཛིན་གཙོ་འགན་སྡེ་ཚན་སོགས་རིག་གནས་ཁྲོམ་རར་སྲིད་འཛིན་ཁྲིམས་སྒྱུར་བྱེད་དབང་ཡོད་པའི་ཚན་པར་ཟེར།

    དོན་ཚན་ལྔ་པ། རིག་གནས་ཁྲོམ་ར་གཉེར་མཁན་གྱིས་ངེས་པར་དུ་མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས། “བརྒྱ་གཉིས”ཀྱི་མཛད་ཕྱོགས་མཐའ་འཁྱོངས་དང་། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་མི་དམངས་མང་ཚོགས་ཀྱི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་དགོས།

    དོན་ཚན་དྲུག་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རིག་གནས་ཁྲོམ་རའི་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་ནས་རིག་གནས་ཁྲོམ་ར་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་གོང་འཕེལ་གཏོང་བ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་འགོད་ནང་བཅུག་ནས་རིག་གནས་ཁྲོམ་རའི་དོ་དམ་ལས་ཀར་མཁོ་བའི་འགྲོ་གྲོན་འགན་སྲུང་བྱེད་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཞིང་འབྲོག་ཁུལ་གྱི་རིག་གནས་ཁྲོམ་ར་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་འབྲོག་ཁུལ་གྱི་རིག་གནས་ཁྲོམ་ར་གོང་འཕེལ་གཏོང་བར་གཞོགས་སྐྱོར་དང་སྐྱེད་སྲིང་བྱེད་དགོས།

    དོན་ཚན་བདུན་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་རང་སོ་སོའི་འགན་འཁྲི་བཞིན་རིག་གནས་ཁྲོམ་རར་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་དགོས།

    རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་སྤྱི་བདེ་དང་། འཕྲོད་བསྟེན་བདེ་ཐང་། འཕྲིན་གཏོང་། ཁྲོམ་ར་ལྟ་སྐུལ་དོ་དམ། ཁྲལ་དོན། རིན་གོང་། འགག་སྒོ། སྐྱེ་ཁམས་ཁོར་ཡུག མེ་ཟོན། ཚོང་དོན་སོགས་སྡེ་ཚན་གྱིས་ངེས་པར་དུ་རང་སོ་སོའི་འགན་འཁྲི་ཁག་བགོས་ལྟར་རང་འགན་གཙང་སྒྲུབ་དང་གཞོགས་འདེགས་དམ་ཟབ་ཀྱིས་རིག་གནས་ཁྲོམ་རའི་ལྟ་སྐུལ་དོ་དམ་ལས་ཀ་མཉམ་དུ་ཡག་པོ་སྒྲུབ་དགོས།

    ཁྲོམ་གཞུང་གི་གྲོང་མི་ཨུ་ཡོན་ལྷན་ཁང་དང་ཡུལ་མི་ཨུ་ཡོན་ལྷན་ཁང་གིས་མི་དམངས་སྲིད་གཞུང་གི་རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་རིག་གནས་ཁྲོམ་ར་གཉེར་སྐྱོང་གི་བྱེད་སྒོར་ལྟ་སྐུལ་བྱེད་དགོས།

    དོན་ཚན་བརྒྱད་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཆེད་ལས་རིག་རྩལ་འཁྲབ་སྟོན་ཚོགས་པ་དང་། དམངས་ཁྲོད་རིག་རྩལ་འཁྲབ་སྟོན་ཚོགས་པ། འཁྲབ་སྟོན་པ་བཅས་ཀྱིས་མི་རིགས་ཀྱི་ཕུལ་བྱུང་རིག་གནས་བརྩམ་བྱ་གསར་རྩོམ་ལ་སྐུལ་ལྕག་གཏོང་དགོས་པ་དང་། ཚན་པ་དང་མི་སྒེར་གྱིས་རིག་གནས་ཁྲོམ་ར་གཉེར་བར་སྐུལ་ལྕག་དང་སྲུང་སྐྱོབ་བྱེད་དགོས།

    རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཆེད་ལས་རིག་རྩལ་འཁྲབ་སྟོན་ཚོགས་པ་དང་། དམངས་ཁྲོད་རིག་རྩལ་འཁྲབ་སྟོན་ཚོགས་པ། འཁྲབ་སྟོན་པ་བཅས་ཀྱིས་ཞིང་འབྲོག་ཁུལ་དང་། ཁེ་ལས། སློབ་གྲྭ་སོགས་གཞི་རིམ་དུ་འཁྲབ་སྟོན་བྱེད་པར་སྐུལ་མ་བཏང་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་དགོས།

    དོན་ཚན་དགུ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རིག་གནས་ཁྲོམ་ར་གོང་འཕེལ་དང་དར་རྒྱས་གཏོང་བར་ལེགས་སྐྱེས་གལ་ཆེན་འབུལ་མཁན་དང་། དེ་བཞིན་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་ཐེར་འདོན་དང་བཀག་འགོག་བྱེད་པར་བྱས་རྗེས་ཡོད་པའི་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།

    ལེའུ་གཉིས་པ། ཆོག་འཐུས་དང་སྙན་དཔོད།

    དོན་ཚན་བཅུ་པ། རིག་གནས་ཁྲོམ་ར་གཉེར་སྐྱོང་བྱེད་རྒྱུར་ཆོག་འཐུས་ཞུ་བའི་ལམ་ལུགས་ལག་བསྟར་བྱེད་དགོས། རིག་གནས་གཉེར་སྐྱོང་བྱེད་སྒོ་སྤེལ་མཁན་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་ཁྲིམས་བཞིན་ཆོག་འཐུས་ཡོང་རེ་ཞུ་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་རེ་བ་ཞུ་མཁན་ནས་བསྐྱལ་བའི་རེ་ཞུའི་དཔྱད་ཡིག་ལ་ཞིབ་བཤེར་བྱས་ནས་ལས་རིགས་ཀྱི་གཏན་འབེབས་དུས་ཚད་ནང་ཁྲིམས་བཅད་ཀྱི་ཆ་རྐྱེན་འཛོམས་པའི་རེ་བ་ཞུ་མཁན་ལ་ལས་གཉེར་གྱི་འཁྲོལ་འཛིན་སྤྲོད་དགོས། ཁྲིམས་བཅད་ཀྱི་ཆ་རྐྱེན་མ་འཛོམས་པའི་རེ་བ་ཞུ་མཁན་ལ་སྲིད་འཛིན་གྱི་ཆོག་འཐུས་མི་སྤྲོད་པའི་གཏན་འབེབས་བྱེད་པ་མ་ཟད། ཡིག་ཐོག་ནས་རྒྱུ་མཚན་གསལ་བཤད་བྱེད་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ཁྲིམས་བཅད་ཀྱི་ཆ་རྐྱེན་མ་འཛོམས་པའི་ཆོག་འཐུས་ཞུ་མཁན་ལ་རྒྱུ་མཚན་གང་འདྲ་ཞིག་གི་འོག་ལའང་རིག་གནས་གཉེར་སྐྱོང་གི་བྱེད་སྒོ་སྤེལ་དུ་འཇུག་མི་ཆོག

    དོན་ཚན་བཅུ་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་རིག་གནས་ལས་གཉེར་ཁང་ལ་ཆོག་འཐུས་སྤྲད་པའི་འབྲེལ་ཡོད་གནས་ཚུལ་དུས་ཐོག་ཏུ་རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་གི་སྤྱི་བདེ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་ལ་བརྡ་ཁྱབ་གཏོང་དགོས།

    དོན་ཚན་བཅུ་གཉིས་པ། རོལ་རྩེད་ཁང་གཉེར་སྐྱོང་བྱེད་མཁན་གྱིས་ངེས་པར་དུ་རང་གནས་སའི་ས་གནས(གྲོང་ཁྱེར)མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་ཆོག་འཐུས་ཡོང་རེ་ཞུ་དགོས།

    དོན་ཚན་བཅུ་གསུམ་པ། ཁེར་རྐྱང་འཁྲབ་སྟོན་པ་དང་དམངས་ཁྲོད་ཀྱི་ཕྱོགས་མྱུལ་སྒྱུ་རྩལ་པས་ལས་གཉེར་རང་བཞིན་གྱི་འཁྲབ་སྟོན་བྱེད་དགོས་ཚེ་ངེས་པར་དུ་རྫོང་རིམ་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་ལེ་ཚན་གྱི་ནང་དོན་རྣམས་སྤྱན་བསྟར་ཞུ་དགོས།

    རྫོང་རིམ་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ལས་ཡུན་ཉིན་གསུམ་གྱི་ནང་དེའི་ལེ་ཚན་གྱི་ནང་དོན་ལ་ཞིབ་བཤེར་བྱེད་དགོས་པ་མ་ཟད། དེར་ལན་འདེབས་དགོས།

    དོན་ཚན་བཅུ་བཞི་པ། ཁེ་སྤོགས་ཡོད་པའི་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་གཅིག་ལྕོགས་སྤེལ་སའི་ཨར་ཁང་དང་། ཟ་ཁང་། རོལ་དབྱངས་ཇ་ཁང་སོགས་གཉེར་སྐྱོང་ཚན་པས་ངེས་པར་དུ་རང་གནས་སའི་རྫོང་རིམ་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་སྙན་ཐོ་དཔོད་དགོས།

    དོན་ཚན་བཅོ་ལྔ་པ། གླུ་གར་དང་རོལ་རྩེད་ཁང་བཟོ་བཅོས་དང་རྒྱས་སྐྲུན་བྱེད་དགོས་པའམ་ཡང་ན་གནས་ཡུལ་དང་། སྒྲིག་བཀོད་སྒྲིག་ཆས་གཙོ་བོ། མ་རྩ་གཏོང་མཁན། དེ་བཞིན་རོལ་རྩེད་གཉེར་སྐྱོང་གི་འཁྲོལ་འཛིན་ནང་འཁོད་པའི་དོན་གནད་བཅས་ལ་འགྱུར་ལྡོག་གཏོང་དགོས་ཚེ་ངེས་པར་དུ་དེ་སྔའི་ལག་ཁྱེར་སྤྲོད་མཁན་ལས་ཁུངས་ལ་རོལ་རྩེད་གཉེར་སྐྱོང་གི་འཁྲོལ་འཛིན་བསྐྱར་དུ་དཔྱད་སྤྲོད་གནང་རོགས་ཞུ་དགོས་པ་མ་ཟད། སྤྱི་བདེ་སྡེ་ཚན་ལ་སྙན་ཐོ་དཔོད་དགོས་པ་དང་། བརྗེ་བསྒྱུར་ཐོ་འགོད་བྱེད་དགོས་རིགས་ཀྱིས་ངེས་པར་དུ་ཁྲིམས་ལྟར་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་ལ་བརྗེ་བསྒྱུར་ཐོ་འགོད་བྱེད་དགོས།

    མཉམ་སྦྲེལ་དྲ་རྒྱའི་དྲ་ཞུགས་ཞབས་ཞུའི་ལས་གཉེར་ཁང་གི་ཁྲིམས་བཅད་འཐུས་ཚབ་པའམ་ཡང་ན་འགན་འཁུར་བ་གཙོ་བོ་བརྗེ་པོ་རྒྱག་དགོས་པ་དང་། དེབ་སྐྱེལ་མ་རྩའམ་ཡང་ན་དྲ་རྟགས་ལ་འགྱུར་ལྡོག་གཏོང་དགོས་ཚེ་ངེས་པར་དུ་རང་གནས་སའི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་དྲ་རྒྱ་གཉེར་སྐྱོང་གི་འཁྲོལ་འཛིན་བསྐྱར་དུ་དཔྱད་སྤྲོད་གནང་རོགས་ཞུ་དགོས།

    རིག་གནས་གཉེར་སྐྱོང་བྱེད་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་གཉེར་སྐྱོང་དུས་འགྱངས་བྱེད་དགོས་ཚེ་ངེས་པར་དུ་འཁྲོལ་འཛིན་ལག་ཁྱེར་གྱི་གོ་ཆོད་དུས་ཚོད་མ་ཐིམ་གོང་གི་ཉིན་30ནང་ཚུན་དུ་དེ་སྔ་ཆོག་འཐུས་ཞུ་སའི་ལས་ཁུངས་ལ་ཆོག་འཐུས་ཡོང་རེ་ཞུ་དགོས། དུས་ཚོད་ཡོལ་ཡང་རེ་འདུན་མི་ཞུ་མཁན་ལ་གཉེར་སྐྱོང་དུས་ཚད་ནར་འགྱངས་བྱེད་མི་ཆོག

    དོན་ཚན་བཅུ་དྲུག་པ། རིག་གནས་ཀྱི་ལས་གཉེར་བྱེད་སྒོ་སྤེལ་མཁན་ཚན་པའམ་ཡང་ན་མི་སྒེར་ལ་ཁྲིམས་ལྟར་ལས་གཉེར་ལག་ཁྱེར་དང་། འབྲེལ་ཡོད་ཆོག་མཆན་བཀོད་པའི་ཡིག་ཆ། འཁྲོལ་འཛིན་བཅས་ཐོབ་རྗེས་ངེས་པར་དུ་ཉིན་15ནང་ཚུན་དུ་རང་གནས་སའི་རྫོང་རིམ་པའི་སྤྱི་བདེ་ཚན་པར་སྙན་ཐོ་དཔོད་དགོས།

    རིག་གནས་གཉེར་སྐྱོང་གི་བྱེད་སྒོ་སྤེལ་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་ས་ཆ་གཞན་དུ་འཁྲབ་སྟོན་བྱེད་དགོས་ཚེ་ངེས་པར་དུ་འཁྲབ་སྟོན་བྱེད་སའི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་སྙན་ཐོ་དཔོད་དགོས།

    དོན་ཚན་བཅུ་བདུན་པ། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་རིག་གནས་གཉེར་སྐྱོང་གི་བྱེད་སྒོ་སྤེལ་མཁན་གྱིས་མེ་ཟོན་བདེ་འཇགས་དང་གཙང་སྦྲ་སོགས་ཐད་ཀྱི་འཁྲོལ་འཛིན་ཞུ་དགོས་པའི་གཏན་འབེབས་ཡོད་ཚེ་ངེས་པར་དུ་ཁྲིམས་ལྟར་འགྲོ་ལུགས་གཉེར་དགོས།

    ལེའུ་གསུམ་པ། གཉེར་སྐྱོང་།

    དོན་ཚན་བཅོ་བརྒྱད་པ། རིག་གནས་གཉེར་སྐྱོང་གི་བྱེད་སྒོ་སྤེལ་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་ངེས་པར་དུ་ཞིབ་དཔྱད་ཆོག་འཐུས་ཀྱི་ཁྱབ་ཁོངས་སུ་གཉེར་སྐྱོང་གི་བྱེད་སྒོ་སྤེལ་དགོས། གཉེར་སྐྱོང་གི་བྱེད་སྒོར་ངེས་པར་དུ་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གལ་ཆེ་མཉམ་འཛིན་ཡིན་པ་མཚོན་པར་བྱེད་དགོས།

    རིག་གནས་གཉེར་སྐྱོང་གི་བྱེད་སྒོ་སྤེལ་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་ངེས་པར་དུ་འཛད་སྤྱོད་པ་དང་ལས་གཉེར་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས།

    དོན་ཚན་བཅུ་དགུ་པ། རིག་གནས་གཉེར་སྐྱོང་གི་བྱེད་སྒོ་སྤེལ་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་ངེས་པར་དུ་ལས་གཉེར་རང་བཞིན་གྱི་འཁྲབ་སྟོན་བྱེད་ས་དང་། གླུ་གར་རོལ་རྩེད་ཁང་། མཉམ་སྦྲེལ་དྲ་རྒྱའི་དྲ་ཞུགས་ཞབས་ཞུ་ལས་གཉེར་ཁང་སོགས་ལ་བདེ་འཇགས་ལས་དོན་གྱི་ཇུས་གཞི་དང་འཕྲལ་སྡོམ་སྔོན་ཇུས་བཟོ་དགོས།

    རིག་གནས་གཉེར་སྐྱོང་གི་བྱེད་སྒོ་སྤེལ་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་ངེས་པར་དུ་ལས་གཉེར་རང་བཞིན་གྱི་འཁྲབ་སྟོན་བྱེད་ས་དང་། གླུ་གར་རོལ་རྩེད་ཁང་། མཉམ་སྦྲེལ་དྲ་རྒྱའི་དྲ་ཞུགས་ཞབས་ཞུའི་ལས་གཉེར་ཁང་བཅས་ལ་མེ་ཟོན་བདེ་འཇགས་ཀྱི་སྒྲིག་བཀོད་དང་ཡོ་བྱད་སྒྲིག་སྦྱོར་བྱེད་དགོས་པ་མ་ཟད། དེ་དག་རྒྱུན་ལྡན་བཞིན་བེད་སྤྱོད་ཐུབ་པའི་འགན་སྲུང་བྱེད་དགོས།

    རིག་གནས་གཉེར་སྐྱོང་གི་བྱེད་སྒོ་སྤེལ་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་ངེས་པར་དུ་གཉེར་སྐྱོང་ཁང་གི་རྒྱུན་ལྡན་གྱི་སྒྲིག་ལམ་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་དང་། གཉེར་སྐྱོང་ཁང་གི་གཙང་སྦྲའི་ཆ་རྐྱེན་ཚད་ལྡན་ཡོང་བ་བྱེད་དགོས།

    དོན་ཚན་ཉི་ཤུ་པ། རིག་གནས་གཉེར་སྐྱོང་གི་བྱེད་སྒོ་སྤེལ་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་གཉེར་སྐྱོང་དང་ཞབས་ཞུའི་རྣམ་གྲངས་ལ་ངེས་པར་དུ་གོང་ཚད་གསལ་པོ་འགོད་དགོས། འཛད་སྤྱོད་པར་བཙན་ཤེད་དང་མགོ་སྐོར་བཏང་སྟེ་ཞབས་ཞུ་དང་ལེན་བྱེད་དུ་འཇུག་པ་དང་ཚོང་ཟོག་ཉོ་རུ་འཇུག་པའི་རིགས་བྱེད་མི་ཆོག

    དོན་ཚན་ཉེར་གཅིག་པ། གླུ་གར་རོལ་རྩེད་ཁང་གཉེར་སྐྱོང་བྱེད་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་ངེས་པར་དུ་བདེ་སྲུང་གི་འོས་བབ་ལག་ཁྱེར་ཡོད་མཁན་བསྡུ་སྐོང་བྱས་ཏེ་བདེ་འཇགས་ལས་དོན་སྒྲུབ་ཏུ་འཇུག་དགོས།

    གླུ་གར་རོལ་རྩེད་ཁང་གི་བདེ་སྲུང་ལས་དོན་མི་སྣས་ངེས་པར་དུ་ལས་རིགས་ཀྱི་ཀུན་སྤྱོད་ལ་བརྩི་སྲུང་ཞུ་དགོས།

    དོན་ཚན་ཉེར་གཉིས་པ། རིག་གནས་གཉེར་སྐྱོང་གི་བྱེད་སྒོ་སྤེལ་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་གཉེར་སྐྱོང་གི་བྱེད་སྒོ་སྤེལ་རིང་གཤམ་གསལ་ནང་དོན་ཡོད་མི་ཆོག

    (གཅིག)རྩ་ཁྲིམས་སུ་གཏན་འབེབས་བྱས་པའི་གཞི་རྩའི་རྩ་དོན་དང་འགལ་རིགས་དང་།

    (གཉིས)རྒྱལ་ཁབ་ཀྱི་བདག་དབང་དང་། གཅིག་གྱུར། མངའ་ཁོངས་ཆ་ཚང་བ་བཅས་ལ་གནོད་འཚེ་གཏོང་རིགས།

    (གསུམ)རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སམ་ཡང་ན་རྒྱལ་ཁབ་ཀྱི་མཚན་སྙན་དང་ཁེ་ཕན་ལ་གནོད་འཚེ་གཏོང་རིགས།

    (བཞི)མི་རིགས་དབར་འཁོན་འཛིན་དང་མཐོང་ཆུང་བྱེད་པར་ངན་སྐུལ་བྱས་ནས་མི་རིགས་དབར་གྱི་བརྩེ་དུང་ལ་གནོད་འཚེ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ། མི་རིགས་ཀྱི་ཡུལ་གོམས་གཤིས་ལུགས་ལ་བཙན་གནོད་གཏོང་བ། ཆོས་ལུགས་སྲིད་ཇུས་དང་འགལ་བ་བཅས་ཀྱི་རིགས།

    (ལྔ)སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་ངམ་ཡང་ན་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྲོལ་རྒྱུན་ལ་གནོད་འཚེ་གཏོང་རིགས།

    (དྲུག)ཆོས་ལོག་དང་རྨོངས་དད་དྲིལ་བསྒྲགས་བྱེད་རིགས།

    (བདུན)དཀྲོག་གཏམ་སྤེལ་བ་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུག་པ། སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་གཏོར་བཤིག་གཏོང་རིགས།

    (བརྒྱད)གཡེམ་འཆལ་དང་། རྒྱན་འགྱེད། གཏུམ་སྤྱོད་བཅས་སྒྲོག་སྤེལ་བྱེད་པའམ་ཡང་ན་ཉེས་གསོག་ངན་སྐུལ་བྱེད་རིགས།

    (དགུ)གཞན་ལ་དམའ་འབེབས་སམ་ཡང་ན་མ་ཉེས་ཁ་གཡོག་བྱས་ནས་མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་གཏོང་རིགས།

    (བཅུ)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་བཀག་སྡོམ་བྱས་པའི་ནང་དོན་གཞན་དག་བཅས་སོ།

    དོན་ཚན་ཉེར་གསུམ་པ། གླུ་གར་རོལ་རྩེད་ཁང་དང་མཉམ་སྦྲེལ་དྲ་རྒྱའི་དྲ་ཞུགས་ཞབས་ཞུའི་ལས་གཉེར་ཁང་ལ་གཤམ་གསལ་བྱེད་སྤྱོད་རིགས་ཡོད་མི་ཆོག

    (གཅིག)མེ་མདའ་དང་། རྫས་མདེལ། བཀག་སྡོམ་བྱེད་པའི་གྲི་སོགས་འཁྱེར་བ་དང་།

    (གཉིས)འབར་གས་སླ་བ་དང་། དུག་ཤེད་ཆེ་བ། རུལ་བསླད། ཟེར་འགྱེད་རང་བཞིན་ལྡན་པ་སོགས་ཀྱི་ཉེན་ཆེའི་དངོས་རིགས་འཁྱེར་བ།

    (གསུམ)རྒྱན་འགྱེད་དང་། དེ་བཞིན་དུག་གི་རིགས་ཉོ་བ་དང་། འཐེན་པ། ཁབ་རྒྱག་པ་བཅས་བྱེད་པ།

    (བཞི)ན་ཚོད་མ་སྨིན་པའི་མི་ལས་གཉེར་ཁང་ལ་འཛུལ་དུ་འཇུག་པ།

    (ལྔ)ན་ཚོད་མ་སྨིན་པའི་ལས་མི་བསྡུ་བ།

    (དྲུག)འཇིགས་གཏུམ་དང་། གདུག་རྩུབ། ཐ་ཤལ་བཅས་ཀྱི་བྱེད་སྟངས་ཐད་ནས་འཁྲབ་སྟོན་བྱེད་པ།

    (བདུན)སྨད་ཚོང་འཆལ་རྒྱུག་གི་བྱེད་སྒོའི་རིགས་འགེབས་སྲུང་དང་རྒྱ་ཡན་དུ་གཏོང་བའམ་ཡང་ན་གཡེམ་འཆལ་གྱི་ཞབས་འདེགས་ཞུ་བ།

    (བརྒྱད)སྒོ་དང་སྒེ་ཁུང་ཕྱེ་ཡས་མེད་པའི་གཏན་འཇགས་ལྕགས་དྲ་བསྒར་བའམ་ཡང་ན་ལས་གཉེར་བྱེད་རིང་སྒོ་དང་སྒེ་ཁུང་རྒྱག་པ།

    (དགུ)སྲོལ་ཡིག་འདིའི་དོན་ཚན་ཉེར་གཉིས་པར་འཁོད་པའི་ལེ་ཚན་སྟོན་པ་དང་། དཀྲོལ་བ། གཞས་གཏོང་བ་བཅས།

    (བཅུ)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་བཀག་སྡོམ་བྱས་པའི་བྱེད་སྤྱོད་གཞན་དག་བཅས་སོ།

    དོན་ཚན་ཉེར་བཞི་པ། གླུ་གར་རོལ་རྩེད་ཁང་གི་མཐའ་སྐོར་གྱི་གཙེར་སྒྲ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཁོར་ཡུག་གི་གཙེར་སྒྲ་ཁྱབ་ཚད་ལས་བརྒལ་མི་ཆོག་པ་དང་། ཉེ་འཁོར་ཚན་པ་དང་མི་སྒེར་གྱི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ལ་ཤུགས་རྐྱེན་བཟོ་མི་ཆོག

    དོན་ཚན་ཉེར་ལྔ་པ། གླུ་གར་རོལ་རྩེད་ཁང་གི་ལས་གཉེར་རྒྱ་ཁྱོན་རྨིད་ངོས་གྲུ་མ་120ལས་ཆུང་མི་ཆོག་པ་དང་། མི་རེའི་ཆ་སྙོམས་རྒྱ་ཁྱོན་རྨིད་ངོས་གྲུ་མ་1.5ལས་ཆུང་མི་ཆོག

    གླུ་གར་རོལ་རྩེད་ཁང་ནང་གི་ཁང་སྒྲོམ་དང་ཟུར་ཁང་གི་རྒྱ་ཁྱོན་རྨིད་ངོས་གྲུ་མ་5ལས་ཆུང་མི་ཆོག ཁང་སྒྲོམ་དང་ཟུར་ཁང་ནང་ཁང་ཆུང་བཟོ་བ་དང་བཅད་རྒྱག་མི་ཆོག

    དོན་ཚན་ཉེར་དྲུག་པ། མཉམ་སྦྲེལ་དྲ་རྒྱའི་དྲ་ཞུགས་ཞབས་ཞུའི་ལས་གཉེར་ཁང་གི་ལས་གཉེར་རྒྱ་ཁྱོན་རྨིད་ངོས་གྲུ་མ་20ལས་ཉུང་མི་ཆོག་པ་དང་རྩིས་འཁོར་འཁོར་རྐྱང་གིས་ས་རྒྱ་རྨིད་ངོས་གྲུ་མ་2ལས་ཉུང་མི་ཆོག

    དོན་ཚན་ཉེར་བདུན་པ། མཉམ་སྦྲེལ་དྲ་རྒྱའི་དྲ་ཞུགས་ཞབས་ཞུའི་ལས་གཉེར་ཁང་གིས་དྲ་ཞུགས་བྱེད་མཁན་འཛད་སྤྱོད་པར་གནས་མལ་མཁོ་འདོན་བྱེད་མི་ཆོག

    སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་གི་སྒོ་འགྲམ་ནས་རྒྱང་ཐག་རྨིད་200ནང་ཚུན་དུ་མཉམ་སྦྲེལ་དྲ་རྒྱའི་དྲ་ཞུགས་ཞབས་ཞུའི་ལས་གཉེར་ཁང་འཛུགས་མི་ཆོག

    དོན་ཚན་ཉེར་བརྒྱད་པ། གླུ་གར་རོལ་རྩེད་ཁང་གིས་ཉིན་ལྟར་ཐོ་རེངས་ཆུ་ཚོད་2པ་ནས་ཞོགས་པའི་ཆུ་ཚོད་9པ་བར་དང་། མཉམ་སྦྲེལ་དྲ་རྒྱའི་དྲ་ཞུགས་ཞབས་ཞུའི་ལས་གཉེར་ཁང་གི་གཉེར་སྐྱོང་ཚན་པས་ཉིན་ལྟར་ཐོ་རེངས་ཆུ་ཚོད་2པ་ནས་ཞོགས་པའི་ཆུ་ཚོད་9པ་བར་ལས་གཉེར་བྱེད་མི་ཆོག

    གླུ་གར་རོལ་རྩེད་ཁང་དང་མཉམ་སྦྲེལ་དྲ་རྒྱའི་དྲ་ཞུགས་ཞབས་ཞུའི་ལས་གཉེར་ཁང་གིས་ངེས་པར་དུ་འཛད་སྤྱོད་པར་ལས་གཉེར་གྱི་དུས་ཚོད་བརྡ་ཁྱབ་གསལ་པོ་གཏོང་དགོས་པ་དང་། འཛད་སྤྱོད་པས་ཀྱང་ངེས་པར་དུ་དེར་གཞོགས་འདེགས་བྱེད་དགོས།

    དོན་ཚན་ཉེར་དགུ་པ། གླུ་གར་རོལ་རྩེད་ཁང་དང་མཉམ་སྦྲེལ་དྲ་རྒྱའི་དྲ་ཞུགས་ཞབས་ཞུའི་ལས་གཉེར་ཁང་གིས་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་སྡེ་ཚན་དང་སྤྱི་བདེ་སྡེ་ཚན་ནས་ཁྲིམས་ལྟར་སྤྱད་པའི་དོ་དམ་ལག་རྩལ་བྱ་ཐབས་དང་བདེ་འཇགས་དོ་དམ་གྱི་ལག་རྩལ་བྱ་ཐབས་མི་སྤྱོད་པ་དང་། སྤྱོད་མཚམས་འཇོག་པ། རང་འཚམ་གྱིས་བཟོ་བཅོས་རྒྱག་པའམ་ཡང་ན་འགྱུར་བ་གཏོང་བ་བཅས་བྱེད་མི་ཆོག

    དོན་ཚན་སུམ་ཅུ་པ། མཉམ་སྦྲེལ་དྲ་རྒྱ་མཐུད་སྦྲེལ་ཞབས་འདེགས་ཞུ་མཁན་གྱིས་མཉམ་སྦྲེལ་དྲ་རྒྱའི་དྲ་ཞུགས་ཞབས་ཞུའི་ལས་གཉེར་ཁང་གི་རིགས་ལ་མཐུད་སྦྲེལ་ཞབས་འདེགས་ཞུ་སྐབས་ངེས་པར་དུ་གཉེར་སྐྱོང་ཚན་པའི་དྲ་རྒྱའི་རིག་གནས་གཉེར་སྐྱོང་གི་འཁྲོལ་འཛིན་དང་ལས་གཉེར་ལག་ཁྱེར་ལ་ཞིབ་བཤེར་བྱེད་དགོས། དྲ་རྒྱའི་རིག་གནས་གཉེར་སྐྱོང་གི་འཁྲོལ་འཛིན་དང་ལས་གཉེར་ལག་ཁྱེར་རག་མེད་མཁན་ལ་མཐུད་སྦྲེལ་ཞབས་འདེགས་ཞུ་མི་ཆོག་པ་དང་། དྲ་རྒྱའི་རིག་གནས་གཉེར་སྐྱོང་གི་འཁྲོལ་འཛིན་ནམ་ཡང་ན་ལས་གཉེར་ལག་ཁྱེར་མེད་པ་བཟོས་པའི་མཉམ་སྦྲེལ་དྲ་རྒྱའི་དྲ་ཞུགས་ཞབས་ཞུའི་ལས་གཉེར་ཁང་ལ་མཉམ་སྦྲེལ་དྲ་རྒྱ་མཐུད་སྦྲེལ་ཞབས་འདེགས་ཞུ་མཁན་གྱིས་ངེས་པར་དུ་མཐུད་སྦྲེལ་ཞབས་འདེགས་ཞུ་མཚམས་འཇོག་དགོས། ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་དུ་བཅུག་པའི་མཉམ་སྦྲེལ་དྲ་རྒྱའི་དྲ་ཞུགས་ཞབས་ཞུའི་ལས་གཉེར་ཁང་ལ་གནས་སྐབས་མཐུད་སྦྲེལ་བྱེད་མཚམས་འཇོག་དགོས།

    དོན་ཚན་སོ་གཅིག་པ། མཉམ་སྦྲེལ་དྲ་རྒྱའི་གཙོ་འགན་ཚན་པས་ངེས་པར་དུ་མཉམ་སྦྲེལ་དྲ་རྒྱ་གཉེར་སྐྱོང་བྱེད་མཁན་ཚན་པར་ལྟ་འདོམས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མཉམ་སྦྲེལ་དྲ་རྒྱའི་རིག་གནས་ཐོན་རྫས་ལ་ཞིབ་བཤེར་བྱས་ནས་མཉམ་སྦྲེལ་དྲ་རྒྱའི་རིག་གནས་ཐོན་རྫས་ཀྱི་ཁྲིམས་མཐུན་རང་བཞིན་འགན་སྲུང་བྱེད་དགོས། སྲོལ་ཡིག་འདིའི་དོན་ཚན་ཉེར་གཉིས་པར་གསལ་བའི་བཀག་སྡོམ་བྱས་པའི་ནང་དོན་རིགས་ཡོད་ཚེ་ཁྲིམས་འགལ་གྱི་བྱེད་སྤྱོད་རིགས་ངེས་པར་དུ་འཕྲལ་མར་མཚམས་འཇོག་བྱེད་དུ་འཇུག་དགོས་པ་མ་ཟད། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་སྡེ་ཚན་དང་སྤྱི་བདེ་སྡེ་ཚན་ལ་དེ་དོན་སྙན་སེང་ཞུ་དགོས།

    དོན་ཚན་སོ་གཉིས་པ། གླུ་གར་རོལ་རྩེད་ཁང་དང་མཉམ་སྦྲེལ་དྲ་རྒྱའི་དྲ་ཞུགས་ཞབས་ཞུའི་ལས་གཉེར་ཁང་གིས་གཉེར་སྐྱོང་བྱེད་སར་ན་ཚོད་མ་སྨིན་པ་ཡོང་མི་ཆོག་པའི་མཚོན་རྟགས་ངེས་པར་དུ་འཛུལ་སྒོའི་མངོན་གསལ་ཆེ་སར་འགེལ་དགོས། གཉེར་སྐྱོང་ཁང་ལ་ཡོང་མཁན་འཛད་སྤྱོད་པའི་ཁྲོད་ན་ཚོད་སྨིན་ཡོད་མེད་དབྱེ་འབྱེད་མི་ཐུབ་པའི་སྐབས་ངེས་པར་དུ་མིང་བབ་ལག་ཁྱེར་བཤེར་བའམ་ཡང་ན་དེ་མིན་གྱི་ལག་ཁྱེར་རིགས་བཤེར་དགོས།

    དོན་ཚན་སོ་གསུམ་པ། གླུ་གར་རོལ་རྩེད་ཁང་དང་། དེ་བཞིན་ཁེ་སྤོགས་ཡོད་པའི་རིག་གནས་སྒྱུ་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་གཅིག་ལྕོགས་སྤེལ་སའི་ཨར་ཁང་དང་། ཟ་ཁང་། རོལ་དབྱངས་ཇ་ཁང་སོགས་ལ་ངེས་པར་དུ་འཁྲབ་སྟོན་གྱི་ལེ་ཚན་སྒྲ་ཕབ་བརྙན་འཇུག་གི་སྒྲིག་ཆས་བསྒར་སྒྲིག་བྱེད་དགོས་པ་མ་ཟད། དེ་དག་རྒྱུན་ལྡན་བཞིན་བེད་སྤྱོད་ཐུབ་པའི་འགན་སྲུང་བྱེད་དགོས་པ་དང་། སྒྲ་ཕབ་བརྙན་འཇུག་གི་དཔྱད་ཡིག་རིགས་ཉིན་30རིང་ཞིབ་བཤེར་སྔོན་གྲབས་སུ་ཉར་འཇོག་བྱེད་དགོས་པ་ལས་སུབ་བཅོས་བྱེད་མི་ཆོག

    དོན་ཚན་སོ་བཞི་པ། འཁྲབ་སྟོན་གཉེར་མཁན་ཚན་པས་ངེས་པར་དུ་འཁྲབ་སྟོན་ཚོགས་པའམ་འཁྲབ་སྟོན་པ་དང་འཁྲབ་སྟོན་གྱི་གན་རྒྱ་འཇོག་དགོས་པ་མ་ཟད། འཁྲབ་སྟོན་བྱེད་མཁན་ལ་ལས་གཉེར་རང་བཞིན་གྱི་འཁྲབ་སྟོན་གྱི་འཁྲོལ་འཛིན་ཡོད་མེད་ཞིབ་བཤེར་དང་འཁྲབ་སྟོན་གྱི་ནང་དོན་ལ་ཞིབ་བཤེར་བྱེད་དགོས།

    དོན་ཚན་སོ་ལྔ་པ། རིག་གནས་ལས་གཉེར་བྱེད་སྒོ་སྤེལ་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་འཁྲབ་སྟོན་པར་སྲོལ་ཡིག་འདིའི་དོན་ཚན་ཉེར་གཉིས་པའི་ནང་འཁོད་པའི་བཀག་སྡོམ་ནང་དོན་རིགས་ཡོད་པ་ཤེས་རྟོགས་བྱུང་ཚེ་ངེས་པར་དུ་བཀག་འགོག་བྱེད་དགོས་པ་མ་ཟད། འཁྲབ་སྟོན་བྱེད་སའི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་སྡེ་ཚན་དང་སྤྱི་བདེ་སྡེ་ཚན་ལ་དེ་སྐོར་སྙན་སེང་ཞུ་དགོས།

    དོན་ཚན་སོ་དྲུག་པ། རིག་རྩལ་འཁྲབ་སྟོན་དང་སྒྱུ་རྩལ་འགྲེམས་སྟོན་གཉེར་མཁན་ཚན་པའམ་མི་སྒེར་གྱིས་ངེས་པར་དུ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱི་ཆོག་མཆན་ཐོབ་པ་བྱེད་དགོས།

    རིག་རྩལ་འཁྲབ་སྟོན་དང་སྒྱུ་རྩལ་འགྲེམས་སྟོན་གྱི་ནང་དོན་ལ་ངེས་པར་དུ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ཞིབ་བཤེར་བྱེད་དགོས། ཞིབ་བཤེར་མ་བྱས་པར་འཁྲབ་སྟོན་དང་འགྲེམས་སྟོན་བྱེད་མི་ཆོག

    འཁྲབ་སྟོན་བྱེད་ས་མཁོ་འདོན་བྱེད་མཁན་ཚན་པས་རིག་རྩལ་འཁྲབ་སྟོན་དང་སྒྱུ་རྩལ་འགྲེམས་སྟོན་ཚན་པའི་འབྲེལ་ཡོད་ཞིབ་བཤེར་བྱས་ཐོ་བཤེར་རྗེས་གཞི་ནས་དེ་ལ་འཁྲབ་སྟོན་བྱེད་ས་མཁོ་འདོན་བྱས་ཆོག

    དོན་ཚན་སོ་བདུན་པ། རིག་གནས་བར་གཉེར་བྱེད་སྒོ་སྤེལ་མཁན་ཚན་པའམ་ཡང་ན་མི་སྒེར་ལ་གཤམ་གསལ་བྱེད་སྤྱོད་རིགས་ཡོད་མི་ཆོག

    (གཅིག)བར་གཉེར་བྱེད་སྒོ་དང་འབྲེལ་བ་ཡོད་པའི་དངོས་ཡོད་ཆ་འཕྲིན་སྦས་གསང་བྱེད་པ་དང་།

    (གཉིས)གན་རྒྱ་རྫུན་མ་འཇོག་པ།

    (གསུམ)བཙན་ཤེད་དང་། མགོ་སྐོར། རྒྱུ་རྔན་བསླུ་བྲིད། ངན་པ་ལག་འབྲེལ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ཚོང་འགྲིག་པ་བཟོ་བ།

    (བཞི)ལག་ཁྱེར་དང་། གན་རྒྱ། དཔང་ཡིག་སོགས་རྫུན་བཟོ་དང་། སུབ་བཅོས། ཉོ་འཚོང་སོགས་བྱེད་པ།

    (ལྔ)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་བཀག་སྡོམ་བྱས་པའི་བྱེད་སྤྱོད་གཞན་དག་རིགས་བཅས་སོ།

    དོན་ཚན་སོ་བརྒྱད་པ། ལས་གཉེར་རང་བཞིན་གྱི་སྒྱུ་རྩལ་སྦྱོང་བརྡར་སྤེལ་མཁན་གྱི་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་འབྲེལ་ཡོད་སྲིད་འཛིན་གཙོ་འགན་སྡེ་ཚན་གྱི་ཆོག་མཆན་ཐོབ་པ་བྱེད་དགོས།

    དོན་ཚན་སོ་དགུ་པ། སྒྲ་ཕབ་བརྙན་འཇུག་གི་དངོས་རིགས་སྡེབ་འཚོང་དང་། སིལ་འཚོང་། གཡར་གཏོང་བཅས་བྱེད་མཁན་ཚན་པའམ་མི་སྒེར་གྱིས་སྒྲ་བརྙན་དཔེ་སྐྲུན་ཚན་པ་ནས་དཔེ་སྐྲུན་བྱས་པ་མ་ཡིན་པའི་སྒྲ་ཕབ་བརྙན་འཇུག་གི་དངོས་རིགས་སམ་ཡང་ན་སྒྲ་བརྙན་པར་སློག་ཚན་པ་ནས་པར་སློག་བྱས་པ་མ་ཡིན་པའི་སྒྲ་ཕབ་བརྙན་འཇུག་གི་དངོས་རིགས་གཉེར་སྐྱོང་བྱེད་མི་ཆོག་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་དཔེ་སྐྲུན་སྡེ་ཚན་གྱི་ཆོག་མཆན་མ་ཐོབ་པར་ནང་འདྲེན་བྱས་པའི་སྒྲ་ཕབ་བརྙན་འཇུག་གི་དངོས་རིགས་གཉེར་སྐྱོང་བྱེད་མི་ཆོག་པ། མི་གཞན་གྱི་རྩོམ་རིག་བདག་དབང་ལ་བཙན་གནོད་གཏོང་བའི་སྒྲ་ཕབ་བརྙན་འཇུག་གི་དངོས་རིགས་གཉེར་སྐྱོང་བྱེད་མི་ཆོག

    དོན་ཚན་བཞི་བཅུ་པ། ཚན་པ་གང་ཞིག་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་སྲོལ་ཡིག་འདིའི་དོན་ཚན་ཉེར་གཉིས་པའི་བཀག་སྡོམ་ནང་དོན་ཡོད་པའི་སྒྲ་ཕབ་བརྙན་འཇུག་གི་དངོས་རིགས་སྡེབ་འཚོང་དང་། སིལ་འཚོང་། གཡར་གཏོང་སོགས་བྱེད་མི་ཆོག

    དོན་ཚན་ཞེ་གཅིག་པ། རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱི་ཆོག་མཆན་མ་ཐོབ་པར་གློག་བརྙན་འགྲེམས་སྤེལ་བྱེད་མཁན་དང་སྟོན་མཁན་ཚན་པས་སློབ་ཁྲིད་དང་ཞིབ་འཇུག་ལ་མཁོ་བའི་ནང་ཁུལ་གྱི་དཔྱད་གཞིའི་གློག་བརྙན་པར་གཞི་འཚོང་བ་དང་། གཡར་བ། ཡང་ན་ཡོངས་བསྒྲགས་སུ་སྟོན་པ་བཅས་བྱེད་མི་ཆོག

    དོན་ཚན་ཞེ་གཉིས་པ། རླུང་འཕྲིན་ལས་ཁུངས་དང་། བརྙན་འཕྲིན་ལས་ཁུངས། རླུང་འཕྲིན་བརྙན་འཕྲིན་དྲ་རྒྱ་གཉེར་མཁན་ཚན་པ་བཅས་ཀྱིས་རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱི་ཞིབ་བཤེར་ཆོག་མཆན་ཐོབ་མེད་པའི་གློག་བརྙན་དང་བརྙན་འཕྲིན་ལེ་ཚན་སྟོན་མི་ཆོག

    དོན་ཚན་ཞེ་གསུམ་པ། དཔེ་སྐྲུན་དངོས་རིགས་པར་འདེབས་སམ་ཡང་ན་པར་སློག་ལས་སྒོ་གཉེར་མཁན་ཚན་པས་ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གསར་འགྱུར་དཔེ་སྐྲུན་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་ཆོག་མཆན་ཞུ་དགོས་པ་དང་། ཆོག་མཆན་མ་ཐོབ་པར་དཔེ་དེབ་དང་ཚགས་པར་དུས་དེབ་སོགས་དཔེ་སྐྲུན་བྱེད་མི་ཆོག་པ་དང་། སྒྲ་ཕབ་བརྙན་འཇུག་གི་དངོས་རིགས་དང་གློག་རྡུལ་དཔེ་སྐྲུན་དངོས་རིགས་པར་སློག་རྒྱག་མི་ཆོག

    དོན་ཚན་ཞེ་བཞི་པ། དཔེ་སྐྲུན་འགྲེམས་སྤེལ་བྱེད་རྒྱུའི་དཔེ་དེབ་དང་ཚགས་པར་དུས་དེབ་ནི་ངེས་པར་དུ་རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ་པའི་དཔེ་སྐྲུན་ཚན་པའི་དཔེ་སྐྲུན་དངོས་རིགས་ཡིན་དགོས་པ་དང་། ཆོག་མཆན་མ་ཐོབ་པའི་དཔེ་སྐྲུན་དངོས་རིགས་ཡིན་ཕྱིན་དཔེ་སྐྲུན་དང་འགྲེམས་སྤེལ་བྱེད་མི་ཆོག

    དོན་ཚན་ཞེ་ལྔ་པ། དཔེ་སྐྲུན་ཚན་པས་ཚན་པའི་མིང་དང་། དཔེ་དེབ་ཀྱི་ཨང་རྟགས། དུས་དེབ་ཀྱི་ཨང་རྟགས། པར་རྟགས། པར་ངོས་བཅས་ཚན་པ་གང་ཞིག་གམ་ཡང་ན་མི་སྒེར་སུ་འདྲ་ཞིག་ལའང་ནང་བཤུག་གཏོང་བ་དང་། གཡར་བ། འཚོང་བ་བཅས་བྱེད་མི་ཆོག

    དོན་ཚན་ཞེ་དྲུག་པ། རྒྱལ་ཁབ་ནས་བཀག་སྡོམ་བྱས་པའི་དཔེ་སྐྲུན་དངོས་རིགས་ཡིན་ཕྱིན་ཚན་པ་གང་ཞིག་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་དཔེ་སྐྲུན་དང་། འགྲེམས་སྤེལ། པར་འདེབས། པར་སློག ཕབ་འཇུག ཕྱིར་འཚོང་། གཡར་གཏོང་བཅས་བྱེད་མི་ཆོག

    སློབ་ཁྲིད་དང་ཞིབ་འཇུག་བྱེད་རྒྱུར་མཁོ་བའི་དཔེ་དེབ་དང་ཚགས་པར་དུས་དེབ་ཡིན་ཕྱིན་ངེས་པར་དུ་དོ་དམ་ནན་པོ་བྱེད་དགོས། ཆོག་མཆན་མ་ཐོབ་པར་གཉེར་སྐྱོང་རང་བཞིན་གྱི་པར་སློག་དང་། སྡེབ་འཚོང་། ཕབ་འཇུག སིལ་འཚོང་བཅས་བྱེད་མི་ཆོག

    དོན་ཚན་ཞེ་བདུན་པ། རིག་གནས་གཉེར་སྐྱོང་གི་བྱེད་སྒོ་སྤེལ་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་ངེས་པར་དུ་ཁྲིམས་ལྟར་དཔྱ་ཁྲལ་དང་གླ་རིན་འཇལ་དགོས།

    ཚན་པ་གང་ཞིག་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་ཁྲིམས་འགལ་གྱིས་གླ་རིན་བསྡུ་མི་ཆོག

    དོན་ཚན་ཞེ་བརྒྱད་པ། རིག་གནས་གཉེར་སྐྱོང་གི་བྱེད་སྒོ་སྤེལ་མཁན་ཚན་པས་ཁྲིམས་ལྟར་ལས་རིགས་མཐུན་ཚོགས་འཛུགས་ཆོག ལས་རིགས་མཐུན་ཚོགས་ཀྱིས་ངེས་པར་དུ་ལས་རིགས་གཅུན་སྡོམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྤྱོད་བཟང་གིས་གཉེར་སྐྱོང་དང་ཁྲིམས་སྲུང་གིས་གཉེར་སྐྱོང་བྱེད་སྟངས་དར་སྤེལ་བཏང་སྟེ་ལས་རིགས་མཐུན་ཚོགས་ཀྱི་གཉེར་སྐྱོང་བྱེད་སྒོ་ཚད་ལྡན་བཟོ་བའི་ནུས་པ་འདོན་སྤེལ་བྱེད་དགོས།

    ལེའུ་བཞི་པ། དོ་དམ།

    དོན་ཚན་ཞེ་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་སྡེ་ཚན་དང་། དེ་བཞིན་སྤྱི་བདེ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཕན་ཚུན་གཞོགས་འདེགས་དང་། ཁྲིམས་སྒྱུར་སྟོབས་ཤུགས་སྒྲིལ་སྤྱོད། ཁྲིམས་སྒྱུར་བྱེད་ལམ་ཚགས་ཚུད་དུ་གཏོང་བ་བཅས་བྱས་ཏེ་དུས་བཀག་གམ་ཡང་ན་དུས་ངེས་མེད་ཐོག་རིག་གནས་ཁྲོམ་རར་ཕྱོགས་བསྡུས་ཁྲིམས་སྒྱུར་གྱི་ལས་དོན་སྤེལ་དགོས།

    གོང་གསལ་དོན་ཚན་ནང་འཁོད་པའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་རང་སོ་སོའི་རིག་གནས་ཁྲོམ་རའི་དོ་དམ་གྱི་འགན་འཁྲི་གཞིར་བཟུང་མཉམ་འབྲེལ་ལམ་ཡང་ན་ཁག་སོ་སོ་ནས་ཁྲིམས་སྒྱུར་བྱེད་སྒོ་སྤེལ་ཆོག

    དོན་ཚན་ལྔ་བཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་སྡེ་ཚན་དང་། དེ་བཞིན་སྤྱི་བདེ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་རིག་གནས་གཉེར་སྐྱོང་གི་བྱེད་སྒོ་སྤེལ་མཁན་ཚན་པའམ་ཡང་ན་མི་སྒེར་ལ་ཉེས་ཆད་གཅོད་རྒྱུའི་ཐག་བཅད་ཚེ། ངེས་པར་དུ་ཐག་གཅོད་བྱས་ཉིན་ནས་བཟུང་ཉིན་བཅུའི་ནང་ཚུན་དུ་ཡིག་ཐོག་ནས་འབྲེལ་ཡོད་སྡེ་ཚན་ལ་དེ་དོན་བརྡ་ཁྱབ་གཏོང་དགོས།

    དོན་ཚན་ང་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་སུ་གཉེར་སྐྱོང་བྱེད་ས་དང་གཉེར་སྐྱོང་བྱེད་སྒོའི་རིགས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་ངེས་པར་དུ་ཁྲིམས་སྒྱུར་གྱི་འོས་ཐོབ་ཡོད་མཁན་མི་གཉིས་ཡན་ཞུགས་དགོས་ལ་ཁྲིམས་སྒྱུར་ལག་ཁྱེར་འདོན་དགོས་པ་མ་ཟད། ཞིབ་བཤེར་བྱ་ཡུལ་ཚན་པའམ་མི་སྒེར་གྱི་རྒྱུན་གཏན་གྱི་གཉེར་སྐྱོང་བྱེད་སྒོར་ཤུགས་རྐྱེན་བཟོ་མི་ཆོག

    དོན་ཚན་ང་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཁྲོམ་རའི་གཙོ་འགན་སྡེ་ཚན་དང་དེའི་ལས་དོན་མི་སྣར་གཤམ་གསལ་བྱེད་སྤྱོད་རིགས་ཡོད་མི་ཆོག

    (གཅིག)རིག་གནས་གཉེར་སྐྱོང་གི་བྱེད་སྒོ་སྤེལ་བ་དང་དེའི་ནང་ཞུགས་པའམ་ཡང་ན་རྣམ་པ་འགྱུར་བའི་ཐོག་ནས་རིག་གནས་བྱེད་སྒོ་སྤེལ་བ་དང་དེའི་ནང་ཞུགས་པ་དང་།

    (གཉིས)རིག་གནས་གཉེར་སྐྱོང་གི་འབྲེལ་ཡོད་ལག་ཁྱེར་རིགས་ཁྲིམས་འགལ་གྱིས་བཟོ་བ།

    (གསུམ)གཏན་འབེབས་ལས་འགལ་ཏེ་རིག་གནས་གཉེར་སྐྱོང་ཚན་པའི་ས་ནས་གླ་དངུལ་བསྡུ་བ།

    (བཞི)རིག་གནས་གཉེར་སྐྱོང་ཚན་པའི་གཉེར་སྐྱོང་བྱེད་ས་དང་། ཡོ་བྱད། སྒྲིག་ཆས་སོགས་ཀྱི་རིགས་གླ་རིན་མེད་པར་བེད་སྤྱོད་དང་བདག་བཟུང་བྱེད་པ།

    (ལྔ)རིག་གནས་གཉེར་སྐྱོང་ཚན་པར་དཀའ་ཁག་བཟོ་བ་དང་འཁོན་ལན་སློག་པ།

    (དྲུག)གཞན་གྱིས་ཐེར་འདོན་བྱས་པའི་རིག་གནས་གཉེར་སྐྱོང་གི་ཁྲིམས་འགལ་བྱེད་སྤྱོད་རིགས་བདག་སྤྲོད་མི་བྱེད་པ་དང་། ཐག་གཅོད་མི་བྱེད་པའམ་ཡང་ན་ནར་འགྱངས་གཏོང་བ་དང་རང་འགན་གཞན་དཀྲི་བྱེད་པ།

    (བདུན)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་བཀག་སྡོམ་བྱས་པའི་བྱེད་སྤྱོད་གཞག་དག་བཅས་སོ།

    དོན་ཚན་ང་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་སྤྱི་ཚོགས་དང་སྤྱི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་སྡེ་ཚན་དང་། དེ་བཞིན་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་ངེས་པར་དུ་ཐེར་འདོན་ཁ་པར་དང་། འཕྲིན་གཏོང་བྱ་ཡུལ། དེ་བཞིན་གློག་རྡུལ་ཡིག་སྒམ་གནས་རྟགས་བཅས་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་དགོས།

    དོན་ཚན་ང་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ལས་རིགས་མཐུན་ཚོགས་ལ་ལྟ་སྐུལ་དང་མཛུབ་ཁྲིད་བྱེད་དགོས་པ་དང་། འབྲེལ་ཡོད་ལས་དོན་མི་སྣར་སྦྱོང་བརྡར་སྤྲོས་དགོས།

    ལེའུ་ལྔ་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    དོན་ཚན་ང་ལྔ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་རང་འཚམ་གྱིས་གླུ་གར་རོལ་རྩེད་ཁང་དུ་གཉེར་སྐྱོང་གི་བྱེད་སྒོ་སྤེལ་རིགས། ས་གནས་དེ་གའི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་སྡེ་ཚན་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་དེ་མེད་པར་བཟོ་རྒྱུ།

    དོན་ཚན་ང་དྲུག་པ། སྲོལ་ཡིག་འདིའི་དོན་ཚན་བཅུ་བཞི་པའི་གཏན་འབེབས་ལས་འགལ་ཏེ་ཁེ་སྤོགས་ཡོད་པའི་རིག་གནས་སྒྱུ་རྩལ་འཁྲབ་སྟོན་བྱེད་སྒོ་གཅིག་ལྕོགས་སྤེལ་སའི་ཨར་ཁང་དང་། ཟ་ཁང་། རོལ་དབྱངས་ཇ་ཁང་སོགས་གཉེར་སྐྱོང་ཚན་པས་རང་གནས་སའི་རྫོང་རིམ་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་སྙན་ཐོ་དཔོད་མེད་ཚེ། རང་གནས་སའི་རྫོང་རིམ་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་འཁྲབ་སྟོན་བྱེད་མཚམས་འཇོག་ཏུ་འཇུག་རྒྱུ་དང་ཁྲིམས་འགལ་གྱི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ། གནས་ཚུལ་ཚབས་ཆེ་རིགས་ལ་སྒོར་5000ཡན་ནས་ཁྲི་1མན་གྱི་དངུལ་ཆད་འགེལ་རྒྱུ།

    དོན་ཚན་ང་བདུན་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་ཆོག་མཆན་མ་ཐོབ་པར་ལས་གཉེར་རང་བཞིན་གྱི་འཁྲབ་སྟོན་བྱེད་རིགས་ལ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་འཁྲབ་སྟོན་བྱེད་མཚམས་འཇོག་ཏུ་འཇུག་རྒྱུ་དང་ཁྲིམས་འགལ་གྱི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་1ལས་བརྒལ་བའི་རིགས་ལ་ཆབས་སྦྲགས་སུ་ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་8ཡན་ནས་ལྡབ་10མན་གྱི་དངུལ་ཆད་འགེལ་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་མེད་པའམ་ཡང་ན་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་1མ་ཟིན་པའི་རིགས་ལ་ཆབས་སྦྲགས་སུ་སྒོར་ཁྲི་5ཡན་ནས་སྒོར་ཁྲི་7མན་གྱི་དངུལ་ཆད་འགེལ་རྒྱུ། གནས་ཚུལ་ཚབས་ཆེ་རིགས་ལ་དེ་སྔའི་ལག་ཁྱེར་སྤྲོད་མཁན་ཚན་པས་དེའི་ལས་གཉེར་རང་བཞིན་གྱི་འཁྲབ་སྟོན་འཁྲོལ་འཛིན་མེད་པར་བཟོ་རྒྱུ། དོན་ཚན་ང་བརྒྱད་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་རང་འཚམ་གྱིས་མཉམ་སྦྲེལ་དྲ་རྒྱའི་དྲ་ཞུགས་ཞབས་ཞུའི་ལས་གཉེར་ཁང་འཛུགས་པའམ་ཡང་ན་རང་འཚམ་གྱིས་མཉམ་སྦྲེལ་དྲ་རྒྱའི་དྲ་ཞུགས་ཀྱི་ཞབས་ཞུ་གཉེར་སྐྱོང་གི་བྱེད་སྒོ་སྤེལ་རིགས་ལ་རང་གནས་སའི་རྫོང་རིམ་མི་དམངས་སྲིད་གཞུང་གི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་ནམ་ཡང་ན་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་སྤྱི་བདེ་ལས་ཁུངས་དང་མཉམ་དུ་ཁྲིམས་བཞིན་དེ་མེད་པ་བཟོ་རྒྱུ་དང་། གཉེར་སྐྱོང་བྱ་ཡུལ་ལ་སྒོ་ཐེལ་བརྒྱབ་ནས་ཁྲིམས་འགལ་གྱི་གཉེར་སྐྱོང་བྱེད་སྒོ་སྤེལ་རྒྱུའི་ཆེད་སྤྱོད་ཡོ་ཆས་དང་སྒྲིག་ཆས་བཀག་ཉར་བྱེད་རྒྱུ། ཉེས་དོན་ཆད་གཅོད་ཀྱི་ཚད་ལ་མ་སླེབས་པའི་རིགས་ལ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཁྲིམས་འགལ་གྱི་ཐོབ་ཆ་དང་དེའི་ཁྲིམས་འགལ་གྱི་གཉེར་སྐྱོང་བྱེད་སྒོ་སྤེལ་རྒྱུའི་ཆེད་སྤྱོད་ཡོ་ཆས་དང་སྒྲིག་ཆས་རྣམས་གཞུང་བཞེས་གཏོང་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་1ལས་བརྒལ་བའི་རིགས་ལ་ཆབས་སྦྲགས་སུ་ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་5ཡན་ནས་ལྡབ་7མན་གྱི་དངུལ་ཆད་འགེལ་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་མེད་པའམ་ཡང་ན་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་1མ་ཟིན་པའི་རིགས་ལ་ཆབས་སྦྲགས་སུ་སྒོར་ཁྲི་1ཡན་ནས་ཁྲི་3མན་གྱི་དངུལ་ཆད་འགེལ་རྒྱུ།

    དོན་ཚན་ང་དགུ་པ། སྒྲ་ཕབ་བརྙན་འཇུག་གི་དངོས་རིགས་དང་། དཔེ་དེབ། ཚགས་པར་དུས་དེབ་བཅས་ཀྱི་ནང་སྲོལ་ཡིག་འདིའི་དོན་ཚན་ཉེར་གཉིས་པའི་བཀག་སྡོམ་ནང་དོན་ཡོད་ཚེ་དཔེ་སྐྲུན་དང་། རིག་གནས། སྤྱི་བདེ་བཅས་སྡེ་ཚན་གྱིས་རང་སོ་སོའི་འགན་དབང་གཞིར་བཟུང་དེ་དག་ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་དུ་འཇུག་རྒྱུ་དང་འབྲེལ་ཁྲིམས་འགལ་གྱིས་གཉེར་སྐྱོང་བྱས་པའི་སྒྲ་ཕབ་བརྙན་འཇུག་གི་དངོས་རིགས་དང་ཁྲིམས་འགལ་གྱི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་1ལས་བརྒལ་བའི་རིགས་ལ་ཆབས་སྦྲགས་སུ་ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་5ཡན་ནས་ལྡབ་7མན་གྱི་དངུལ་ཆད་འགེལ་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་མེད་པའམ་ཡང་ན་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་1མ་ཟིན་པའི་རིགས་ལ་ཆབས་སྦྲགས་སུ་སྒོར་ཁྲི་1ཡན་ནས་ཁྲི་3མན་གྱི་དངུལ་ཆད་འགེལ་ཆོག གནས་ཚུལ་ཚབས་ཆེ་ཡོད་རིགས་ལ་དེ་སྔའི་ལག་ཁྱེར་སྤྲོད་མཁན་ལས་ཁུངས་ནས་འཁྲོལ་འཛིན་མེད་པར་བཟོ་རྒྱུ།

    དོན་ཚན་དྲུག་ཅུ་པ། གླུ་གར་རོལ་རྩེད་ཁང་གཉེར་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་སྲོལ་ཡིག་འདིའི་དོན་ཚན་ཉེར་གཉིས་པའི་གཏན་འབེབས་ལས་འགལ་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་དེའི་ཁྲིམས་འགལ་གྱི་ཐོབ་ཆ་དང་ཁྲིམས་མཐུན་མིན་པའི་རྒྱུ་དངོས་རྣམས་གཞུང་བཞེས་གཏོང་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་1ལས་བརྒལ་བའི་རིགས་ལ་ཆབས་སྦྲགས་སུ་ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་1ཡན་ནས་ལྡབ་3མན་གྱི་དངུལ་ཆད་འགེལ་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་མེད་པའམ་ཡང་ན་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་1མ་ཟིན་པའི་རིགས་ལ་ཆབས་སྦྲགས་སུ་སྒོར་ཁྲི་1ཡན་ནས་སྒོར་ཁྲི་3མན་གྱི་དངུལ་ཆད་འགེལ་རྒྱུ། གནས་ཚུལ་ཚབས་ཆེ་རིགས་ལ་ལས་མཚམས་བཞག་སྟེ་ཟླ་གཅིག་ནས་ཟླ་གསུམ་བར་བཅོས་སྒྲིག་བྱེད་དུ་འཇུག་རྒྱུ།

    དོན་ཚན་རེ་གཅིག་པ། ལས་གཉེར་རང་བཞིན་གྱི་འཁྲབ་སྟོན་བྱེད་མཁན་ཚན་པའམ་མི་སྒེར་གྱིས་སྲོལ་ཡིག་འདིའི་དོན་ཚན་ཉེར་གཉིས་པའི་གཏན་འབེབས་ལས་འགལ་ཚེ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་དེར་འཁྲབ་མཚམས་འཇོག་ཏུ་འཇུག་རྒྱུ་དང་འབྲེལ་ཁྲིམས་འགལ་གྱི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་1ལས་བརྒལ་བའི་རིགས་ལ་ཆབས་སྦྲགས་སུ་ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་8ཡན་ནས་ལྡབ་10མན་གྱི་དངུལ་ཆད་འགེལ་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་མེད་པའམ་ཡང་ན་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་1མ་ཟིན་པའི་རིགས་ལ་ཆབས་སྦྲགས་སུ་སྒོར་ཁྲི་5ཡན་ནས་ཁྲི་8མན་གྱི་དངུལ་ཆད་འགེལ་རྒྱུ། གནས་ཚུལ་ཚབས་ཆེ་རིགས་ལ་དེ་སྔའི་ལག་ཁྱེར་སྤྲོད་མཁན་ལས་ཁུངས་ཀྱིས་དེའི་ལས་གཉེར་རང་བཞིན་གྱི་འཁྲབ་སྟོན་འཁྲོལ་འཛིན་མེད་པར་བཟོ་རྒྱུ། བདེ་འཇགས་དོ་དམ་གཏན་འབེབས་ལས་འགལ་ཚེ་སྤྱི་བདེ་སྡེ་ཚན་གྱིས་ཁྲིམས་ལྟར་ཉེས་ཆད་གཅོད་རྒྱུ།

    དོན་ཚན་རེ་གཉིས་པ། མཉམ་སྦྲེལ་དྲ་རྒྱའི་དྲ་ཞུགས་ཞབས་ཞུའི་ལས་གཉེར་ཁང་གི་གཉེར་སྐྱོང་ཚན་པའམ་ཡང་ན་མི་སྒེར་གྱིས་སྲོལ་ཡིག་འདིའི་དོན་ཚན་ཉེར་གཉིས་པའི་གཏན་འབེབས་ལས་འགལ་ཚེ་སྤྱི་བདེ་སྡེ་ཚན་གྱིས་དེར་ཐ་ཚིག་སྒྲོག་རྒྱུ་དང་། དེའི་ཁྲིམས་འགལ་གྱི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་1ལས་བརྒལ་བའི་རིགས་ལ་ཆབས་སྦྲགས་སུ་ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་2ཡན་ནས་ལྡབ་5མན་གྱི་དངུལ་ཆད་འགེལ་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་མེད་པའམ་ཡང་ན་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་1མ་ཟིན་པའི་རིགས་ལ་ཆབས་སྦྲགས་སུ་སྒོར་ཁྲི་1ཡན་ནས་ཁྲི་2མན་གྱི་དངུལ་ཆད་འགེལ་རྒྱུ། གནས་ཚུལ་ཚབས་ཆེ་རིགས་ལ་ལས་མཚམས་བཞག་སྟེ་ཟླ་གཅིག་ནས་ཟླ་གསུམ་བར་བཅོས་སྒྲིག་བྱེད་དུ་འཇུག་རྒྱུ་དང་། ཡོ་བསྲང་མི་བྱེད་མཁན་ལ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་དེ་གའི་དྲ་རྒྱ་གཉེར་སྐྱོང་གི་འཁྲོལ་འཛིན་མེད་པ་བཟོ་རྒྱུ།

    དོན་ཚན་རེ་གསུམ་པ། གླུ་གར་རོལ་རྩེད་ཁང་དང་། དེ་བཞིན་ཁེ་སྤོགས་ཡོད་པའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་གཅིག་ལྕོགས་སྤེལ་སའི་ཨར་ཁང་དང་། ཟ་ཁང་། རོལ་དབྱངས་ཇ་ཁང་སོགས་གཉེར་སྐྱོང་ཚན་པའམ་མི་སྒེར། དེ་བཞིན་འཁྲབ་སྟོན་གཉེར་མཁན་ཚན་པས་འཁྲབ་སྟོན་ཚན་པའམ་ཡང་ན་མི་སྒེར་གྱི་གཉེར་སྐྱོང་བྱེད་སྟངས་ལ་སྲོལ་ཡིག་འདིའི་དོན་ཚན་ཉེར་གཉིས་པའི་བཀག་སྡོམ་ནང་དོན་ཡོད་པ་ཤེས་ནའང་དེར་བཀག་འགོག་མི་བྱེད་པ་དང་གཙོ་འགན་སྡེ་ཚན་ལ་སྙན་སེང་མ་ཞུས་པའི་རིགས་ལ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་སྡེ་ཚན་དང་སྤྱི་བདེ་སྡེ་ཚན་གྱིས་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ཉེས་ཆད་གཅོད་རྒྱུ།

    དོན་ཚན་རེ་བཞི་པ། མཉམ་སྦྲེལ་དྲ་རྒྱའི་དྲ་ཞུགས་ཞབས་ཞུའི་ལས་གཉེར་ཁང་གིས་སྲོལ་ཡིག་འདིའི་དོན་ཚན་ཉེར་བདུན་པའི་ནང་གསེས་དང་པོའི་གཏན་འབེབས་ལས་འགལ་ཏེ་དྲ་ཞུགས་ཀྱི་འཛད་སྤྱོད་པར་གནས་མལ་གྱི་ཞབས་ཞུ་བསྒྲུབས་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ཐ་ཚིག་སྒྲོག་རྒྱུ་མ་ཟད། ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། ཡོ་བསྲང་མི་བྱེད་མཁན་ལ་མི་ཐེངས་རེར་དངུལ་ཆད་སྒོར་200འགེལ་རྒྱུ།

    དོན་ཚན་རེ་ལྔ་པ། མཉམ་སྦྲེལ་དྲ་རྒྱའི་དྲ་ཞུགས་ཞབས་ཞུའི་ལས་གཉེར་ཁང་གིས་སྲོལ་ཡིག་འདིའི་དོན་ཚན་ཉེར་བརྒྱད་པའི་ནང་གསེས་དང་པོའི་གཏན་འབེབས་ལས་འགལ་ཏེ་ལས་གཉེར་བྱེད་མི་ཆོག་པའི་དུས་ཚོད་ནང་ལས་གཉེར་བྱས་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ཐ་ཚིག་སྒྲོག་རྒྱུ་དང་ཆབས་སྦྲགས་སུ་སྒོར་3000ཡན་ནས་སྒོར་ཁྲི་1མན་གྱི་དངུལ་ཆད་འགེལ་ཆོག གནས་ཚུལ་ཚབས་ཆེ་རིགས་ལ་སྒོར་ཁྲི་1ཡན་ནས་སྒོར་ཁྲི་1.5མན་གྱི་དངུལ་ཆད་འགེལ་ཆོག་པ་མ་ཟད། ཉིན་7ནས་ཉིན་30བར་ལས་མཚམས་བཞག་སྟེ་བཅོས་སྒྲིག་བྱེད་དུ་འཇུག་པ་ནས་དྲ་རྒྱའི་རིག་གནས་ལས་གཉེར་འཁྲོལ་འཛིན་མེད་པ་བཟོ་རྒྱུའི་བར་གྱི་ཉེས་པ་གཅོད་རྒྱུ། གླུ་གར་རོལ་རྩེད་ཁང་གིས་སྲོལ་ཡིག་འདིའི་དོན་ཚན་ཉེར་བརྒྱད་པའི་ནང་གསེས་དང་པོའི་གཏན་འབེབས་ལས་འགལ་ཏེ་ལས་གཉེར་བྱེད་མི་ཆོག་པའི་དུས་ཚོད་ལ་ལས་གཉེར་བྱས་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ཐ་ཚིག་སྒྲོག་རྒྱུ་དང་ཡོ་བསྲང་བྱེད་དུ་འཇུག་རྒྱུ། གནས་ཚུལ་ཚབས་ཆེ་རིགས་ལ་ཟླ་གཅིག་རིང་ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་དུ་འཇུག་རྒྱུ།

    དོན་ཚན་རེ་དྲུག་པ། མཉམ་སྦྲེལ་དྲ་རྒྱའི་དྲ་ཞུགས་ཞབས་ཞུའི་ལས་གཉེར་ཁང་གིས་སྲོལ་ཡིག་འདིའི་དོན་ཚན་ཉེར་དགུ་པའི་གཏན་འབེབས་ལས་འགལ་ཏེ་རང་འཚམ་གྱིས་ལག་རྩལ་དོ་དམ་བྱ་ཐབས་དང་བདེ་འཇགས་ལག་རྩལ་དོ་དམ་བྱ་ཐབས་སྤྱོད་མཚམས་བཞག་ཚེ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་སྡེ་ཚན་དང་སྤྱི་བདེ་སྡེ་ཚན་གྱིས་ཐ་ཚིག་སྒྲོག་རྒྱུ་དང་སྦྲགས་སྒོར་5000ཡན་ནས་སྒོར་ཁྲི་1མན་གྱི་དངུལ་ཆད་འགེལ་རྒྱུ། གནས་ཚུལ་ཚབས་ཆེ་རིགས་ལ་ཉིན་7ནས་ཉིན་30བར་ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་དུ་འཇུག་རྒྱུ་དང་། ཡོ་བསྲང་མི་བྱེད་མཁན་ལ་དྲ་རྒྱ་གཉེར་སྐྱོང་གི་འཁྲོལ་འཛིན་མེད་པར་བཟོ་རྒྱུ།

    དོན་ཚན་རེ་བདུན་པ། མཉམ་སྦྲེལ་དྲ་རྒྱའི་དྲ་ཞུགས་ཞབས་ཞུའི་ལས་གཉེར་ཁང་གིས་སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་ན་ཚོད་མ་སྨིན་པའི་མི་སྐོང་འགུགས་བྱས་ཚེ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ན་ཚོད་མ་སྨིན་པའི་མི་རེ་སྐོང་འགུགས་བྱས་པར་སྒོར་2000ཡི་ཚད་གཞི་བཞིན་དངུལ་ཆད་འགེལ་རྒྱུ། དངུལ་ཆད་བསྡོམས་འབོར་སྒོར་ཁྲི་1.5ལས་བརྒལ་མི་ཆོག ན་ཚོད་མ་སྨིན་པའི་མི་གསུམ་ཡན་སྐོང་འགུགས་ཐེངས་གཉིས་པ་བྱས་རིགས་ལ་གོང་གསལ་གཏན་འབེབས་བཞིན་ཆད་པ་གཅོད་རྒྱུ་ཕུད། ཟླ་1ནས་ཟླ་གསུམ་བར་ལས་མཚམས་བཞག་སྟེ་བཅོས་སྒྲིག་བྱེད་དུ་འཇུག་རྒྱུ། ན་ཚོད་མ་སྨིན་པའི་མི་སྐོང་འགུགས་ཐེངས་གསུམ་པ་བྱས་པའམ་ཡང་ན་ཐེངས་གཅིག་རང་ལ་ན་ཚོད་མ་སྨིན་པའི་མི་8ཡན་སྐོང་འགུགས་བྱས་རིགས་ལ་གོང་གསལ་གཏན་འབེབས་བཞིན་ཆད་པ་གཅོད་རྒྱུ་ཕུད། དྲ་རྒྱའི་རིག་གནས་གཉེར་སྐྱོང་གི་འཁྲོལ་འཛིན་མེད་པ་བཟོ་ཆོག གླུ་གར་རོལ་རྩེད་ཁང་གིས་སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་ན་ཚོད་མ་སྨིན་པའི་མི་སྐོང་འགུགས་བྱས་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་དེའི་ཁྲིམས་འགལ་གྱི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་1ལས་བརྒལ་བའི་རིགས་ལ་ཆབས་སྦྲགས་སུ་ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་1ཡན་ནས་ལྡབ་3མན་གྱི་དངུལ་ཆད་འགེལ་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་མེད་པའམ་ཡང་ན་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་1མ་ཟིན་པའི་རིགས་ལ་ཆབས་སྦྲགས་སུ་སྒོར་ཁྲི་1ཡན་ནས་ཁྲི་2མན་གྱི་དངུལ་ཆད་འགེལ་རྒྱུ་དང་། ཟླ་1ནས་ཟླ་3བར་ལས་མཚམས་བཞག་སྟེ་བཅོས་སྒྲིག་བྱེད་དུ་འཇུག་རྒྱུ།

    དོན་ཚན་རེ་བརྒྱད་པ། གླུ་གར་རོལ་རྩེད་ཁང་དང་ཁེ་སྤོགས་ཡོད་པའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་སའི་ཨར་ཁང་། ཟ་ཁང་། རོལ་དབྱངས་ཇ་ཁང་སོགས་ཀྱིས་སྲོལ་ཡིག་འདིའི་དོན་ཚན་སོ་གསུམ་པའི་གཏན་འབེབས་ལས་འགལ་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་སྡེ་ཚན་དང་སྤྱི་བདེ་སྡེ་ཚན་གྱིས་དེར་ཐ་ཚིག་སྒྲོག་རྒྱུ་དང་ཡོ་བསྲང་བྱེད་དུ་འཇུག་རྒྱུ། གནས་ཚུལ་ཚབས་ཆེ་རིགས་ལ་ཟླ་1ནས་ཟླ་3བར་ལས་མཚམས་བཞག་སྟེ་བཅོས་སྒྲིག་བྱེད་དུ་འཇུག་རྒྱུ།

    དོན་ཚན་རེ་དགུ་པ། འཁྲབ་སྟོན་གཉེར་མཁན་ཚན་པས་སྲོལ་ཡིག་འདིའི་དོན་ཚན་སོ་བཞི་པའི་གཏན་འབེབས་ལས་འགལ་ཚེ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་དེར་ཐ་ཚིག་སྒྲོག་རྒྱུ་མ་ཟད། ཡོ་བསྲང་བྱེད་དུ་འཇུག་རྒྱུ། ཡོ་བསྲང་མི་བྱེད་པའི་རིགས་ལ་ཆབས་སྦྲགས་སུ་སྒོར་1000ཡན་ནས་སྒོར་5000མན་གྱི་དངུལ་ཆད་འགེལ་རྒྱུ།

    དོན་ཚན་བདུན་ཅུ་པ། རིག་གནས་སྒྱུ་རྩལ་འཁྲབ་སྟོན་དང་སྒྱུ་རྩལ་འགྲེམས་སྟོན་གཉེར་མཁན་ཚན་པའམ་མི་སྒེར་གྱིས་སྲོལ་ཡིག་འདིའི་དོན་ཚན་སོ་དྲུག་པའི་ནང་གསེས་དང་པོའི་གཏན་འབེབས་ལས་འགལ་ཚེ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་དེར་འཁྲབ་སྟོན་བྱེད་མཚམས་འཇོག་ཏུ་འཇུག་རྒྱུ་དང་ཁྲིམས་འགལ་གྱི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་1ལས་བརྒལ་བའི་རིགས་ལ་ཆབས་སྦྲགས་སུ་ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་8ཡན་ནས་ལྡབ་10མན་གྱི་དངུལ་ཆད་འགེལ་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་མེད་པའམ་ཡང་ན་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་1མ་ཟིན་པའི་རིགས་ལ་ཆབས་སྦྲགས་སུ་དངུལ་ཆད་སྒོར་ཁྲི་1ཡན་ནས་སྒོར་ཁྲི་1.5མན་གྱི་དངུལ་ཆད་འགེལ་རྒྱུ། གནས་ཚུལ་ཚབས་ཆེ་རིགས་ལ་དེ་སྔའི་ལག་ཁྱེར་སྤྲོད་མཁན་ལས་ཁུངས་ནས་དེའི་ལས་གཉེར་རང་བཞིན་གྱི་འཁྲབ་སྟོན་འཁྲོལ་འཛིན་མེད་པར་བཟོ་རྒྱུ། སྲོལ་ཡིག་འདིའི་དོན་ཚན་སོ་དྲུག་པའི་ནང་གསེས་གཉིས་པའི་གཏན་འབེབས་ལས་འགལ་ཏེ་མཇུག་འབྲས་ཚབས་ཆེ་བཟོ་མཁན་ལ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་སྡེ་ཚན་དང་སྤྱི་བདེ་སྡེ་ཚན་གྱིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ཉེས་ཆད་གཅོད་རྒྱུ།

    སྲོལ་ཡིག་འདིའི་དོན་ཚན་སོ་དྲུག་པའི་ནང་གསེས་གསུམ་པའི་གཏན་འབེབས་ལས་འགལ་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་འབྲེལ་ཁྲིམས་འགལ་གྱི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་1ལས་བརྒལ་བའི་རིགས་ལ་ཆབས་སྦྲགས་སུ་ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་3ཡན་ནས་ལྡབ་5མན་གྱི་དངུལ་ཆད་འགེལ་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་མེད་པའམ་ཡང་ན་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་1མ་ཟིན་པའི་རིགས་ལ་ཆབས་སྦྲགས་སུ་སྒོར་ཁྲི་3ཡན་ནས་སྒོར་ཁྲི་5མན་གྱི་དངུལ་ཆད་འགེལ་རྒྱུ།

    དོན་ཚན་དོན་གཅིག་པ། རིག་གནས་བར་གཉེར་བྱེད་སྒོ་སྤེལ་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་སྲོལ་ཡིག་འདིའི་དོན་ཚན་སོ་བདུན་པའི་གཏན་འབེབས་ལས་འགལ་ཚེ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ཐ་ཚིག་སྒྲོག་རྒྱུ་མ་ཟད། ཡོ་བསྲང་བྱེད་དུ་འཇུག་རྒྱུ། གནས་ཚུལ་ཚབས་ཆེ་རིགས་ལ་སྒོར་5000ཡན་ནས་སྒོར་ཁྲི་1མན་གྱི་དངུལ་ཆད་འགེལ་རྒྱུ།

    དོན་ཚན་དོན་གཉིས་པ། རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་སྡེ་ཚན་དང་དེའི་ལས་དོན་མི་སྣས་སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཚེ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱེད་རྒྱུ་དང་། འགན་འཁུར་བ་དང་ཐད་ཀའི་འགན་འཁྲི་ཡོད་མཁན་ལ་ཁྲིམས་བཞིན་སྲིད་འཛིན་གྱི་ཆད་པ་གཅོད་དགོས་པ་དང་། གནས་ཚུལ་ཚབས་ཆེ་རིགས་ལ་ཁྲིམས་བཞིན་གནས་རིམ་བཅོག་པ་དང་གོ་གནས་མེད་པར་བཟོ་བའམ་ཡང་ན་ལས་ཁུངས་ནས་ཕྱིར་འབུད་བྱེད་རྒྱུ།

    དོན་ཚན་དོན་གསུམ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།

    ལེའུ་དྲུག་པ། ཞར་བྱུང་།

    དོན་ཚན་དོན་བཞི་པ། སྲོལ་ཡིག་འདི་2009ལོའི་ཟླ་12ཚེས་30ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།

    (རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུས་ནས་མཁོ་འདོན་བྱས་པ་གཞིར་བཟུང)


    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།