དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་ཀྲུའུ་ཞིའི་གཞུང་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-04

     ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ཀྲུའུ་ཞིའི་གཞུང་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་དཔལ་འབྱོར་བརྟན་དུ་གཏོང་བའི་སྲིད་ཇུས་བྱ་ཐབས་སྦབ་ཆ་གཅིག་གི་ལག་བསྟར་ཞིབ་སྲོལ་ཁག་38དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བའི་སྔོན་སྐྱོད་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་པ། རང་སྐྱོང་ལྗོངས་ཀྱི“དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”དོན་འཁྱོལ་བྱས་ཚུལ་སོགས་གསན་པ་དང་འབྲེལ་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་རང་ལྗོངས་ཀྱིས་ལག་བསྟར་ཞིབ་སྲོལ་ཁག་38བཏོན་པ་དེ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་དུས་ཚིགས་གཉིས་པའི་དཔལ་འབྱོར་བརྟན་པོ་ཡོང་བ་བྱས་ནས་ལོ་སྨད་དུ་འཕེལ་རྒྱས་གཏོང་རྒྱུར་རྨང་གཞི་ཡག་པོ་ཞིག་ཧུར་ཐག་འདིང་བ་དང་དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་བར་མཚམས་སུ་རྒྱུན་འཁྱོངས་བྱ་རྒྱུ་དེ་རེད། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གནས་གཏད་གནས་དང་ངོ་ཐུག་གདོང་འཕྲད་ཀྱིས་སྲིད་ཇུས་བློ་འདྲི་དང་། གསལ་འགྲེལ། དོན་འཁྱོལ་སོགས་ཀྱི་ལས་དོན་ལ་དམ་འཛིན་བྱས་ནས་རང་འགུལ་ངང་མང་ཚོགས་ཀྱི་སྒོ་རྩར་བསྐྱོད་དེ་སྲིད་ཇུས་དྲིལ་བསྒྲགས་བྱས་ནས“མཐའ་མའི་འགག་གནད”ཧུར་ཐག་སེལ་ཏེ་སྲིད་ཇུས་དྲིལ་བསྒྲགས་གནད་འཁེལ་ཡོང་བའི་འགན་ལེན་བྱེད་དགོས། “སྲིད་དོན་འདྲི་བའི”ཐོག་ནས“སྲིད་དོན་སྒྱིད་ལུག”བཅོས་སྒྲིག་བྱེད་པ་དང་། སྨྱན་སྦྱོར་ཚན་པ་དང་མཉམ་འབྲེལ་བྱས་ནས་དཔེ་མཚོན་གྱོད་གཞི་དང་མངོན་གསལ་དོད་པའི་གནད་དོན་དམར་རྗེན་དུ་འདོན་དགོས། སྲིད་གཞུང་ཁོངས་གཏོགས་ཀྱིས་སྣེ་ཁྲིད་དེ“འཚོ་བ་སྐྱེལ་མཁས་པོ”བྱེད་པ་དང་རང་འགུལ་ངང་འབབ་བཟོ་གཏོང་མཁས་བྱས་ཏེ་ཁྲོམ་རའི་བྱེད་པོ་འགན་ལེན་དང་། ལས་ཞུགས་འགན་ལེན། དམངས་འཚོ་འགན་ལེན་བཅས་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།

    ཡན་ཅིན་ཧའེ་ཡིས་དམངས་འཚོ་མི་སེམས་དང་འབྲེལ་བ་དང་མི་སེམས་ནི་ཆབ་སྲིད་ཆེ་ཤོས་དེ་ཡིན། མིག་སྔར་རང་སྐྱོང་ལྗོངས་ཀྱི“དམངས་འཚོའི་འདུ་འགོད་ཆེན་པོ་བཅུར”ནུས་པ་ལྡན་ལ་གོ་རིམ་ལྡན་པའི་སྐུལ་འདེད་བཏང་བས་ཕན་འབྲས་བཟང་པོ་ཐོན་ཡོད། གོམ་སྟབས་རྗེས་མར་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དགོས་གཏུགས་ཀྱི་བསམ་པ་དང་། ལས་འགན་སྒྲུབ་སེམས། འགན་འཁྲི་འཁུར་སེམས་བཅས་སྔར་བས་ཆེ་རུ་བཏང་ནས་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱེད་པ་དང་སྲིད་གཞུང་གི་ཁས་ལེན་དོན་འཁྱོལ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དེ་བས་ལེགས་པ་ཐོབ་པ་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།