དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པའི་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་ཀྱི་སྲིད་གཙང་ཉེན་ཟོན་སློབ་གསོའི་འགྲེམས་སྟོན་ལ་མཉམ་དུ་གཟིགས་སྐོར་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-02

    c442004b-3cd8-472f-aa9a-b62b9d67cd87.jpg.jpg

    འདི་ནི་6ཚེས་30ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པའི་སྣེ་ཁྲིད་དེ་ལྷ་སར་རང་སྐྱོང་ལྗོངས་ཀྱི་སྲིད་གཙང་ཉེན་ཟོན་སློབ་གསོའི་འགྲེམས་སྟོན་ལ་མཉམ་དུ་གཟིགས་སྐོར་གནང་བཞིན་པ།

    ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་སྤྱིའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་འཐབ་རྩོད་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོ་སྲུང་དགོས།

    ཚེས་30ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པའི་སྣེ་ཁྲིད་དེ་ལྷ་སར་རང་སྐྱོང་ལྗོངས་ཀྱི་སྲིད་གཙང་ཉེན་ཟོན་སློབ་གསོའི་འགྲེམས་སྟོན་ལ་མཉམ་དུ་གཟིགས་སྐོར་གནང་ནས། ས་གནས་ས་ཐོག་ཏུ་ཏང་གཤིས་དང་། ཏང་སྲོལ། ཏང་སྒྲིག་བཅས་ཀྱི་སློབ་གསོ་དང་ལེན་གནང་ཞིང་། ཁོང་གིས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། བློ་བརྟན་འགྱུར་མེད་ངང་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་སྤྱིའི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། འཐབ་རྩོད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོ་སྲུང་བ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཡན་ཅིན་ཧའེ་དང་། ཀྲོང་ཡན། ཁྲེན་ཡུང་ཆི། ལིའུ་ཅང་། ཝང་ཝུའེ་ཏུང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་སོགས་ཞུགས་ཡོད་པ་རེད།

    རང་སྐྱོང་ལྗོངས་ཀྱི་སྲིད་གཙང་ཉེན་ཟོན་སློབ་གསོའི་འགྲེམས་སྟོན་དེ“ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་བ”དང“རུལ་སུངས་ལ་ངོ་རྒོལ་བྱེད་པའི་དུས་བབ་ཛ་དྲག་ལ་རྙོག་འཛིང་ཆེ་བ”“སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ” “གྱོད་གཞི་དཔྱད་གཞིར་འཛིན་པ་དང་ཉེན་བརྡ་རྒྱུན་དུ་སྒྲོག་པ”བཅས་ཚན་པ་བཞི་ལ་ཕྱེ་ཡོད། ཝང་ཅུན་ཀྲེང་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་འགྲེམས་སྟོན་ཚན་པ་ཁག་ལ་རེ་རེ་བཞིན་གཟིགས་སྐོར་གནང་བ་དང་། ལས་དོན་མི་སྣའི་ངོ་སྤྲོད་ནན་ཏན་ངང་གསན་པ་མ་ཟད། གྱོད་དཔེའི་འགྲེམས་སྟོན་དང་ཡིག་རིགས་དབྱེ་ཞིབ་ལ་ཞིབ་པར་གཟིགས་པ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། སྲིད་གཙང་ཉེན་ཟོན་སློབ་གསོའི་འགྲེམས་སྟོན་ནི་ཏང་ཡོན་ལས་བྱེད་པས་ས་གནས་ས་ཐོག་ཏུ་ཏང་གཤིས་དང་། ཏང་སྲོལ། ཏང་སྒྲིག་བཅས་ཀྱི་སློབ་གསོ་དང་ལེན་བྱེད་པའི་གསོན་ཉམས་དོད་པའི་སློབ་ཚན་ཞིག་རེད། སྒྲིག་བསྟར་གྱོད་སྒྲུབ་ཀྱི་གྲུབ་འབྲས་བཀོལ་སྤྱོད་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ཉེན་ཟོན་སློབ་གསོའི་དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་ཆེ་རུ་བཏང་སྟེ་ལྡོག་ཕྱོགས་ཀྱི་དཔེ་མཚོན་གྱོད་དཔེ་བརྒྱུད་ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འགྲམ་གྱི་མི་སྣར་ཉེན་ཟོན་སློབ་གསོ་བཏང་སྟེ་ཏང་ཡོན་ལས་བྱེད་པའི་སྒྲིག་བཀུར་ཁྲིམས་སྲུང་གི་འདུ་ཤེས་དང་རུལ་རྒོལ་འགྱུར་འགོག་གི་ནུས་པ་ཆེ་རུ་གཏོང་དགོས།

    ཝང་ཅུན་ཀྲེང་གིས་གཟིགས་སྐོར་གནང་སྐབས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ་དང་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོའི་ཐོག་ནས་ཏང་གི་སྣེ་ཁྲིད་དེ་གསར་བརྗེའི་རང་བཞིན་གྱི་ཞུན་བརྡར་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་ལོ་བརྒྱའི་ཏང་ཆེན་པོའི་རང་ངོས་གསར་བརྗེའི་གནས་ཚད་གསར་པ་བཏོད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་དམིགས་ནས་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་སྟེ་གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་ཏང་འཛུགས་སྐྱོང་གི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་ཏུ་བཏང་བ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་ཚན་རིག་དང་མཐུན་པའི་ལན་བཏབ་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”གོང་དུ་བཀུར་བ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་མཐའ་གཅིག་ཏུ་བྱེད་པ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ལ་བརྟེན་ནས་བྱུང་བའི་ཉམས་མྱོང་རྩ་ཆེན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ། ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྣམ་པ་སྲ་བརྟན་རྒྱ་སྐྱེད་གཏོང་བ་བཅས་བྱས་པས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ལམ་ལུགས་རང་བཞིན་གྱི་གྲུབ་འབྲས་དེ་བས་ཆེ་བ་དང་བཅོས་སྐྱོང་གི་ཕན་འབྲས་དེ་བས་ཆེ་བ་ཐོན་པར་སྐུལ་འདེད་ཐེབས་ནས“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པ་བཅས་ཀྱི་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་བྱ་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ནམ་ཡང་ཚར་དུས་མེད། ལྟ་སྐུལ་གྱོད་སྒྲུབ་ཀྱི་གྲུབ་འབྲས་གང་ལེགས་སྤྱད་དེ་གྱོད་གཞིར་བརྟེན་ནས་ཉེན་བརྡ་གཏོང་བ་དང་། གྱོད་གཞིར་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་བ། གྱོད་གཞིར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཏང་ཡོན་ལས་བྱེད་པར་གྱོད་གཞིའི་ཁྲོད་ནས་བསླབ་བྱ་ཟབ་མོ་བླངས་ནས་རང་བརྟག་རང་ཞིབ་དང་། ཟུར་བསྟན་ལེབ་མཐོང་། ཉེན་བརྡ་རྒྱུན་སྒྲོག་བཅས་ཀྱི་ཁྲིད་སྟོན་བྱས་ཏེ། སྔ་ས་དང་ཆུང་ས་ནས་དམ་འཛིན་དང་རྒྱུན་གཏན་ནས་དམ་ནན་ཏན་ཏིག་ཐུབ་པ་བྱེད་དགོས། ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་ཐོག་ནས་རུལ་སུངས་ལ་ཆད་པ་ནན་པོ་གཅོད་རྒྱུ་མཐའ་འཁྱོངས་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་ཀྱིས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་སྟེ་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་མུ་མཐུད་གཏོད་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མི་དམངས་ཀྱི་རེ་ཞུར་ལན་ཧུར་ཐག་འདེབས་པ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བའི་གྱོད་གཞི་ཆེ་གྲས་དང་གནད་ཆེའི་གྱོད་གཞིར་དར་ཆ་གསལ་སྟོན་གྱིས་ཞིབ་གཅོད་བྱེད་པ། མང་ཚོགས་ཀྱི་ཉེ་འགྲམ་དུ་གནས་པའི“རུལ་སུངས་ཙག་ཙིག”ཞིབ་གཅོད་བཅས་བྱས་ཏེ་མང་ཚོགས་ཀྱིས་བསམ་འཆར་ཆེ་བའི་གནད་དོན་ཡིན་ཕྱིན་ཚང་མ་ཐག་གཅོད་ནན་པོ་དང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་ཡིན་ཕྱིན་ཚང་མ་ཡོ་བསྲང་མཐའ་གཅིག་ཏུ་བྱས་ཏེ། སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། ཕན་འབྲས་དངོས་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་ཐོབ་པར་བྱེད་དགོས། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྒྲིག་ཁྲིམས་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དོ་དམ་ནན་པོ་དང་གཅེས་སྐྱོང་ཟབ་མོ་ཟུང་འབྲེལ་དང་། ལྕག་སྐུལ་དང་གཅུན་འདོམས་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་འགན་འཛོལ་ཤོར་མཁན་ལ་ཉེས་ཆད་གཅོད་པ་དང་འཚོལ་ཞིབ་བྱེད་ཕོད་མཁན་ལ་རྒྱབ་སྐྱོར་བྱས་ཏེ་ལས་བྱེད་པའི་དཔུང་ཁག་གི་སེམས་ཤུགས་འཕེལ་བར་བྱས་ནས་དུས་རབས་གསར་པར་ལས་བྱེད་པས་འགན་འཁྲི་གསར་པ་འཁུར་བ་དང་བྱས་རྗེས་གསར་པ་འཇོག་རྒྱུར་སྐུལ་ལྕག་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ཚན་རིག་ཅན་དང་། ལམ་ལུགས་ཅན། ཚད་ལྡན་ཅན་བཅས་ལ་སྐུལ་འདེད་གཏོང་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་ཉམས་མྱོང་དང་བྱེད་སྟངས་ལ་ཕྱོགས་སྡོམ་ནན་ཏན་བྱས་ནས་ཉམས་མྱོང་བཟང་པོ་དེ་དག་ལམ་ལུགས་དང་ལམ་སྲོལ་གྱི་རྣམ་པའི་ཐོག་ནས་གཏན་འཁེལ་དང་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ནུས་པ་ཆེ་རུ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། དབང་ཆར་ལྟ་སྐུལ་བྱེད་པའི་ལམ་ལུགས་དང་སྒྲིག་བསྟར་ཁྲིམས་བསྟར་གྱི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། སྐོར་གཟིགས་སྐོར་ཞིབ་ཀྱི་ནུས་པ་གང་ལེགས་བཏོན་ནས་ལྟ་སྐུལ་སྣ་ཚོགས་འབྲེལ་མཐུད་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་དགོས། འགོ་ཁྲིད་ལས་བྱེད་པས་རང་གི་ནང་མི་སྤུན་མཆེད་དང་། ཉེ་འགྲམ་གྱི་མི་དང་ལས་ཀ གཙོ་འགན་འཁུར་བའི་ཁྱབ་ཁོངས་དང་ཁག་བགོས་དོ་དམ་བྱེད་པའི་ཁྱབ་ཁོངས་ཀྱི་གོམས་སྲོལ་བཅས་ལ་དོ་དམ་ཡག་པོ་བྱས་ནས་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་གཏོད་པ་དང་། བློ་མཐུན་དབར་གྱི་འབྲེལ་བ་གཙང་མ་གཙང་རྐྱང་ཞིག་དང་རིམ་པ་གོང་འོག་གི་འབྲེལ་བ་ཡ་རབས་ཚུལ་ལྡན་ཞིག་ཆགས་པར་བྱེད་པ། སྲིད་ཚོང་དབར་གྱི་ཉེ་གཙང་འབྲེལ་བ་མཐའ་འཁྱོངས་བྱེད་པ། དགེ་བརྩོན་ཡར་ཐོན་གྱི་སྤྱི་ཚོགས་ཁོར་ཡུག་གཏོད་པ་སོགས་ཀྱི་ཐད་སྣེ་ཁྲིད་ཡག་པོ་བྱེད་པ་དང་འགན་འཁྲི་ཡག་པོ་འཁུར་དགོས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་ཏང་གཤིས་ལ་བརྟེན་ནས་རང་ཚུགས་ཐུབ་པ་དང་། གཞུང་དྲང་སྒྲིག་བསྟར་བྱེད་པ། དབང་ཆ་གཟབ་ནན་ངང་སྤྱོད་པ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པོ་བཅས་བྱས་ཏེ་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་མི་དམངས་མང་ཚོགས་དངོས་གནས་བློ་ཡིད་ཚིམ་པོ་ཡོང་བ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།