དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཀྱི་གཉིས་བཀུར་དང་དམག་བཀུར་གཡུལ་སྐྱོར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་2022ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-30

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཚེས་28ཉིན། རང་སྐྱོང་ལྗོངས་ཀྱི་གཉིས་བཀུར་དང་དམག་བཀུར་གཡུལ་སྐྱོར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་2022ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་དང་། གཉིས་བཀུར་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན།དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་2022ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། གཉིས་བཀུར་ལས་དོན་གྱི་གནས་ཚུལ་སྙན་སེང་ཉན་པ་དང་འབྲེལ་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི། རང་སྐྱོང་ལྗོངས་གཉིས་བཀུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་། རང་སྐྱོང་ལྗོངས་དམག་བཀུར་གཡུལ་སྐྱོར་དམག་དཔུང་དང་ས་གནས་མཐུན་སྦྱོར་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཅུན་རིམ་པའི་འགོ་ཁྲིད་ཀྲང་ཧུང་པོ་དང་ཧྲི་ཞའོ་ཧྥུང་ཚོགས་འདུར་ཞུགས་ཡོད་པ་རེད།

    ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་དང་། གཉིས་བཀུར་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། “དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་པ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་རྒྱག་པ། དམག་སྲིད་དང་དམག་དམངས་མཐུན་སྒྲིལ་རྒྱུན་ཆད་མེད་པར་ཟབ་གཏོང་དང་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། རང་ལྗོངས་ཀྱི་གཉིས་བཀུར་དང་དམག་བཀུར་གཡུལ་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས། མཐའ་མཚམས་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པ་དང་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་གཙོ་རྐང་ལ་དམ་པོར་དམིགས་ཏེ། བོད་སྡོད་དཔུང་སྡེ་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་། དཔུང་སྡེའི་དཔོན་དམག་གི་འཚོ་བ་དང་ལས་ཀའི་དཀའ་ངལ་ཐག་གཅོད་ཡག་པོ། དམག་མི་དང་ནང་མི་མཉམ་གནས། བུ་ཕྲུག་སློབ་གྲྭར་སྐྱོད་པ། ལས་ཞུགས་ལས་གཏོད་སོགས་ཀྱི་ལས་དོན་ཏན་ཏིག་དང་ཞིབ་ཚགས་སྒྲུབ་པ་བཅས་བྱས་ཏེ། རྒྱ་ཆེའི་དཔོན་དམག་ཚོས་སྙིང་སྟོབས་རབ་འཕེལ་གྱིས་རྒྱལ་སྲུང་འཛུགས་སྐྲུན་ནང་ཞུགས་ཐུབ་པར་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ནས“མཉམ་སྤེལ་ལྔ་དང་སྲ་བརྟན་ལྔའི”བྱེད་སྒོ་གཏིང་ཟབ་སྤེལ་ཏེ། དམག་དམངས་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་སེམས་མུ་མཐུད་ཟབ་ཏུ་གཏོང་དགོས། དཔུང་སྡེས་བོད་ལྗོངས་འཛུགས་སྐྲུན་དང་བོད་ལྗོངས་སྲུང་སྐྱོང་གི་ནུས་པ་གལ་ཆེན་བཏོན་ནས་ས་གནས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་དེར་རྒྱབ་སྐྱོར་བྱས་ཏེ། གངས་ལྗོངས་ས་མཐོའི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་མཉམ་དུ་སྲུང་སྐྱོང་བྱེད་དགོས། གཉིས་བཀུར་གསར་གཏོད་ཀྱི་ལས་དོན་གཏིང་ཟབ་སྤེལ་བ་དང་། མང་ཚོགས་རང་བཞིན་གྱི་གཉིས་བཀུར་རིག་གནས་བྱེད་སྒོ་མུ་མཐུད་རྒྱ་ཆེར་གཏོང་བ། ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་རྒྱལ་སྲུང་ལ་སེམས་ཁུར་དང་གཉིས་བཀུར་ལ་རྒྱབ་སྐྱོར་བྱེད་པའི་དར་སྲོལ་བཟང་པོ་ཞིག་ཆགས་པར་བྱེད་པ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ། བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།