དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ལམ་སྐྱེལ་འདྲེན་སྲོལ་ཡིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-29

    བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ལམ་སྐྱེལ་འདྲེན་སྲོལ་ཡིག

    (2000ལོའི་ཟླ་5ཚེས་18ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཐོག་གྲོས་འཆམ་བྱུང་བ། 2007ལོའི་ཟླ་3ཚེས་28ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སུམ་ཅུ་པའི་ཐོག་བཟོ་བཅོས་བྱས། 2010ལོའི་ཟླ་7ཚེས་30ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲུབ་འགོག་བཅའ་ཁྲིམས》ལག་བསྟར་བྱེད་རྒྱུའི《〈བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས〉བཟོ་བཅོས་རྒྱག་རྒྱུའི་སྐོར་སོགས་ཁྲིམས་སྲོལ་11གི་ཆོད་དོན》གཞིར་བཟུང་དག་བཅོས་ཐེངས་དང་པོ་བྱས། 2011ལོའི་ཟླ་11ཚེས་24ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་ལྔ་པའི་ཐོག 《〈བོད་རང་སྐྱོང་ལྗོངས་ཆུ་བེད་ལས་གཞིའི་དོ་དམ་སྲོལ་ཡིག〉བཟོ་བཅོས་རྒྱག་རྒྱུའི་སྐོར་སོགས་ཁྲིམས་སྲོལ་8ཀྱི་ཆོད་དོན》གཞིར་བཟུང་དག་བཅོས་ཐེངས་གཉིས་པ་བྱས། 2021ལོའི་ཟླ་9ཚེས་29ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གཉིས་པའི་ཐོག 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་བཅའ་ཁྲིམས〉ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》བཟོ་བཅོས་རྒྱག་རྒྱུའི་སྐོར་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་8ཀྱི་ཆོད་དོན》གཞིར་བཟུང་དག་བཅོས་ཐེངས་གསུམ་པ་བྱས)

    དཀར་ཆག

    ལེའུ་དང་པོ། སྤྱིའི་རྩ་དོན།

    ལེའུ་གཉིས་པ། སྤྱིར་བཏང་གི་གཏན་འབེབས།

    ལེའུ་གསུམ་པ། འགྲུལ་སྐྱེལ་ལས་གཉེར།

    ལེའུ་བཞི་པ། ཟོག་འདྲེན་ལས་གཉེར།

    ལེའུ་ལྔ་པ། རྒྱ་ལམ་སྐྱེལ་འདྲེན་དང་འབྲེལ་བ་ཡོད་པའི་ལས་སྒོ།

    ལེའུ་དྲུག་པ། ལས་གཉེར་གཞན་དག

    ལེའུ་བདུན་པ། ལྟ་སྐུལ་ཞིབ་བཤེར།

    ལེའུ་བརྒྱད་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    ལེའུ་དགུ་པ། ཞར་བྱུང་།

    ལེའུ་དང་པོ། སྤྱིའི་རྩ་དོན།

    དོན་ཚན་དང་པོ། རྒྱ་ལམ་སྐྱེལ་འདྲེན་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་དང་། རྒྱ་ལམ་སྐྱེལ་འདྲེན་གྱི་བདེ་འཇགས་འགན་ལེན། རྒྱ་ལམ་སྐྱེལ་འདྲེན་བྱེད་མཁན་དོ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བཅས་བྱས་ཏེ་རྒྱ་ལམ་སྐྱེལ་འདྲེན་ལས་རིགས་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་ལམ་སྐྱེལ་འདྲེན་སྲོལ་ཡིག》དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲོལ་ཡིག་འདི་བཟོས་པ་ཡིན།

    དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་རྒྱ་ལམ་སྐྱེལ་འདྲེན་ཁྲོམ་རའི་ཐོག་རྒྱ་ལམ་འགྲུལ་པ་སྐྱེལ་འདྲེན་གྱི་ལས་གཉེར(གཤམ་ལ་འགྲུལ་སྐྱེལ་ལས་གཉེར་ཞེས་བསྡུ་རྒྱུ)དང་རྒྱ་ལམ་ཐོག་དངོས་ཟོག་སྐྱེལ་འདྲེན་གྱི་ལས་གཉེར(གཤམ་ལ་ཟོག་འདྲེན་ལས་གཉེར་ཞེས་བསྡུ་རྒྱུ)བྱེད་མཁན་དང་། དེ་བཞིན་རྒྱ་ལམ་སྐྱེལ་འདྲེན་འབབ་ཚུགས(བྱེད་གནས)དང་། འཕྲུལ་སྒུལ་འཁོར་རིགས་ཉམས་གསོ། ནུས་པ་ཞིབ་དཔྱད། ཁ་ལོ་བའི་སྦྱོང་བརྡར་སོགས་ཀྱི་ལས་གཉེར(གཤམ་ལ་འབྲེལ་ཡོད་ཀྱི་ལས་སྒོ་གཉེར་བ་ཞེས་བསྡུ་རྒྱུ)བྱེད་མཁན་གྱིས་ངེས་པར་དུ་སྲོལ་ཡིག་འདིར་སྲུང་བརྩི་ཞུ་དགོས། དོན་ཚན་གསུམ་པ། རྒྱ་ལམ་སྐྱེལ་འདྲེན་གྱི་སྲིད་འཛིན་དོ་དམ་བྱེད་རྒྱུ་དེ་ངེས་པར་དུ་འདྲ་མཉམ་དང་། དྲང་གཞག ཡོངས་བསྒྲགས། དམངས་ལ་སྟབས་བདེ་བཅས་ཡོང་བའི་རྩ་དོན་གཞིར་བཟུང་གཅིག་གྱུར་དང་། སྒོ་དབྱེ། འགྲན་རྩོད། གོ་རིམ་ལྡན་པ་བཅས་གྱི་རྒྱ་ལམ་སྐྱེལ་འདྲེན་ཁྲོམ་ར་ཞིག་ཏུ་སྐུལ་སྤེལ་དང་འཐུས་ལེགས་སུ་གཏོང་དགོས། རྒྱ་ལམ་སྐྱེལ་འདྲེན་དང་དེ་བཞིན་འབྲེལ་ཡོད་ལས་སྒོ་གཉེར་སྐབས་ངེས་པར་དུ་ཁྲིམས་བཞིན་གཉེར་སྐྱོང་དང་། ཁ་དན་ཚིག་གནས། དྲང་གཞག་འགྲན་རྩོད་བཅས་བྱེད་དགོས་པའི་ཐོག བདེ་འཇགས་དང་སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱེད་དགོས། ཚན་པ་གང་ཞིག་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་ཞབས་འདེགས་ཞུ་ཡུལ་གྱི་རང་མོས་གདམ་གའི་དབང་ཆར་ཐེ་གཏོགས་བྱེད་མི་རུང་།

    དོན་ཚན་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དགོས་མཁོར་གཞིགས་ཏེ་རྒྱ་ལམ་སྐྱེལ་འདྲེན་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་འགོད་བཟོ་དགོས་པ་མ་ཟད། གྲོང་ཁྱེར་དང་གྲོང་གསེབ་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་འགོད་དང་འབྲེལ་མཐུད་བྱེད་དགོས།

    དོན་ཚན་ལྔ་པ། རང་སྐྱོང་ལྗོངས་ཀྱིས་ལྗོངས་ཕྱི་ནང་གི་དཔལ་འབྱོར་རྩ་འཛུགས་ནས་རྒྱ་ལམ་སྐྱེལ་འདྲེན་དང་དེ་བཞིན་འབྲེལ་ཡོད་ལས་སྒོ་གཉེར་རྒྱུའི་སྐུལ་ལྕག་གཏོང་རྒྱུ། རྒྱ་ལམ་སྐྱེལ་འདྲེན་ཐད་གཞི་ཁྱོན་ཅན་དང་ཞིབ་ལས་ཅན་གྱི་ལས་གཉེར་བྱེད་རྒྱུ་དར་སྤེལ་གཏོང་དགོས།རང་སྐྱོང་ལྗོངས་ཀྱིས་གྲོང་གསེབ་ཀྱི་འགྲུལ་པ་སྐྱེལ་འདྲེན་ཐད་འབྲེལ་ཡོད་ཁྲལ་རིན་སོགས་ཆག་ཡང་དང་རྩ་ཆག་གཏོང་རྒྱུའི་གཟིགས་སྐྱོང་སྲིད་ཇུས་དང་རོགས་སྐྱོར་བྱ་ཐབས་ལག་ལེན་བསྟར་ནས་གྲོང་གསེབ་ཀྱི་རྒྱ་ལམ་སྐྱེལ་འདྲེན་ལས་རིགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། གྲོང་གསེབ་ཀྱི་འགྲུལ་པ་སྐྱེལ་འདྲེན་ཤར་གཏོང་ཐུབ་ཚད་ཆེ་རུ་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ།

    དོན་ཚན་དྲུག་པ། རང་སྐྱོང་ལྗོངས་ཀྱིས་ངེས་པར་དུ་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་གྱི་ཁྲིམས་སྒྱུར་དཔུང་ཁག་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལམ་སྲོལ་རིམ་བཞིན་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

    དོན་ཚན་བདུན་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ལྗོངས་ཡོངས་ཀྱི་རྒྱ་ལམ་སྐྱེལ་འདྲེན་དོ་དམ་ལས་ཀའི་གཙོ་འགན་འཁུར་རྒྱུ་དང་དེའི་ཁོངས་གཏོགས་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ཀྱིས་ལྗོངས་ཡོངས་ཀྱི་རྒྱ་ལམ་སྐྱེལ་འདྲེན་དོ་དམ་ལས་ཀའི་འགན་ཞིབ་ཕྲ་འཁུར་རྒྱུ། ས་གནས(གྲོང་ཁྱེར)དང་རྫོང་གི་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ཀྱིས་རང་སོ་སོའི་སྲིད་འཛིན་ས་ཁོངས་ནང་གི་རྒྱ་ལམ་སྐྱེལ་འདྲེན་ལས་ཀའི་འགན་ཞིབ་ཕྲ་འཁུར་རྒྱུ།

    ལེའུ་གཉིས་པ། སྤྱིར་བཏང་གི་གཏན་འབེབས།

    དོན་ཚན་བརྒྱད་པ། རྒྱ་ལམ་སྐྱེལ་འདྲེན་དང་དེ་བཞིན་འབྲེལ་ཡོད་ལས་སྒོ་གཉེར་སྐབས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཁྲིམས་ལྟར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཚན་པར་འབྲེལ་ཡོད་ཐོ་འགོད་འགྲོ་ལུགས་གཉེར་རྗེས། འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཚན་ལ་ཆོག་མཆན་ནམ་སྙན་ཐོ་དཔོད་དགོས།

    དོན་ཚན་དགུ་པ། ལས་གཉེར་བྱེད་མཁན་དང་། འགྲུལ་སྐྱེལ་རྒྱུན་བཙུགས་འགྲོ་ལམ། ལས་གཉེར་བྱེད་གནས་སོགས་འགྱུར་བ་གཏོང་རྒྱུའི་ཆོག་མཆན་ཞུ་རྒྱུའམ་ཡང་ན་ལས་གཉེར་བྱེད་མཚམས་འཇོག་དགོས་ན་ངེས་པར་དུ་འབྲེལ་ཡོད་འགྲོ་ལུགས་གཉེར་དགོས།མིང་དང་ཐོ་འགོད་གནས་ཡུལ་འགྱུར་བ་གཏོང་དགོས་ཚེ་ངེས་པར་དུ་འགྱུར་བ་བཏང་ཉིན་ནས་བཟུང་ཉིན་15ཡི་ནང་ཚུན་དུ་དེ་སྔའི་ཆོག་འཐུས་སྤྲོད་མཁན་ལས་ཁུངས་ལ་སྙན་དཔོད་འགྲོ་ལུགས་གཉེར་དགོས།འགྲུལ་སྐྱེལ་ལས་གཉེར་བྱེད་མཁན་དང་འགྲུལ་ཟོག་སྐྱེལ་འདྲེན་འབབ་ཚུགས(བྱེད་གནས)ཀྱི་ལས་གཉེར་པས་གནས་སྐབས་ལས་གཉེར་བྱེད་མཚམས་འཇོག་པའམ་ཡང་ན་རྦད་དེ་མཚམས་འཇོག་བྱེད་དགོས་ཚེ་ཉིན་30ཡི་གོང་དུ་དེ་སྔའི་ཆོག་འཐུས་སྤྲོད་མཁན་ལས་ཁུངས་ལ་ཞུ་དགོས་པ་མ་ཟད། སྤྱི་ཚོགས་ཐོག་སྤྱི་བསྒྲགས་སྤེལ་དགོས། འགྲུལ་སྐྱེལ་གྱི་རྒྱུན་བཙུགས་འགྲོ་ལམ་གནས་སྐབས་ལས་གཉེར་བྱེད་མཚམས་འཇོག་དགོས་ཚེ་ངེས་པར་དུ་ཉིན་5ཡི་གོང་དུ་དེ་སྔའི་ཆོག་འཐུས་སྤྲོད་མཁན་ལས་ཁུངས་ལ་ཞུ་དགོས། དེ་མིན་གྱི་རྒྱ་ལམ་སྐྱེལ་འདྲེན་དང་འབྲེལ་ཡོད་ལས་སྒོ་གཉེར་མཁན་གྱིས་གནས་སྐབས་ལས་གཉེར་བྱེད་མཚམས་འཇོག་དགོས་ཚེ་ངེས་པར་དུ་ལས་གཉེར་བྱེད་མཚམས་བཞག་པའི་ཉིན་ནས་བཟུང་ཉིན་5ཡི་ནང་ཚུན་དུ་དེ་སྔའི་ཆོག་འཐུས་སྤྲོད་མཁན་ལས་ཁུངས་ལ་སྙན་ཐོ་དཔོད་དགོས། གནས་སྐབས་ལས་གཉེར་བྱེད་མཚམས་འཇོག་པའི་དུས་ཚད་ཉིན་180ནས་བརྒལ་མི་ཆོག་པ་དང་། དུས་ཚད་ནས་བརྒལ་ཚེ་རང་ཤུགས་སུ་ལས་གཉེར་བྱེད་མཚམས་བཞག་པར་བརྩི་དགོས།

    དོན་ཚན་བཅུ་པ། རྒྱ་ལམ་སྐྱེལ་འདྲེན་ལས་གཉེར་གྱི་མོ་ཊའི་བདེ་འཇགས་དང་། ཁོར་ཡུག་སྲུང་སྐྱོབ། ཟད་གྲོན་བསྲི་ཚགས། ཕྱི་དབྱིབས། རིགས་གྲས་བཅས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གཏན་ལ་ཕབ་པའི་དེ་མཚུངས་མོ་ཊའི་ལག་རྩལ་རིམ་པའི་ཚད་གཞི་དང་ཆ་རྐྱེན་ལ་སླེབས་པ་བྱེད་དགོས།ཟོག་རོ་མཁོ་མེད་དུ་བཏང་བ་དང་། ཆ་སྒྲིག་ཡ་སྒྲིག་བྱས་པ། རང་དགར་སྒྲིག་སྦྱོར་བྱས་པ་བཅས་ཀྱི་མོ་ཊ་སྤྱད་དེ་འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་མི་ཆོག

    དོན་ཚན་བཅུ་གཅིག་པ། འགྲུལ་སྐྱེལ་ལས་གཉེར་བྱེད་མཁན་དང་ཉེན་ཆེའི་དངོས་ཟོག་སྐྱེལ་འདྲེན་བྱེད་མཁན་གྱིས་ངེས་པར་དུ་འགྲུལ་པའམ་ཡང་ན་ཉེན་ཆེའི་དངོས་ཟོག་སྐྱེལ་འདྲེན་བྱེད་མཁན་ལ་ཁག་སོ་སོར་འགན་འཁྲིའི་འགན་བཅོལ་བྱེད་དགོས།

    དོན་ཚན་བཅུ་གཉིས་པ། རྒྱ་ལམ་སྐྱེལ་འདྲེན་གྱི་ལས་གཉེར་བྱེད་མཁན་གྱིས་ངེས་པར་དུ་ལས་གཉེར་མོ་ཊའི་ལག་རྩལ་ཡིག་ཚགས་བཟོ་དགོས་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་ལས་གཉེར་མོ་ཊའི་དོ་དམ་ཡིག་ཚགས་བཟོ་དགོས།རྒྱ་ལམ་སྐྱེལ་འདྲེན་དང་དེ་བཞིན་འབྲེལ་ཡོད་ལས་སྒོ་གཉེར་མཁན་གྱིས་ངེས་པར་དུ་གཏན་འབེབས་ལྟར་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ལ་བསྡོམས་རྩིས་རེའུ་མིག་དང་འབྲེལ་ཡོད་དཔྱད་ཡིག་འབུལ་དགོས།

    དོན་ཚན་བཅུ་གསུམ་པ། རྒྱ་ལམ་སྐྱེལ་འདྲེན་དང་འབྲེལ་ཡོད་ལས་སྒོ་གཉེར་མཁན་གྱིས་ངེས་པར་དུ་བཅའ་ཁྲིམས་དང་། ལས་རིགས་ཀུན་སྤྱོད་སློབ་གསོ། དེ་བཞིན་ལས་གནས་ལག་རྩལ་གྱི་སྦྱོང་བརྡར་དང་དཔྱད་ཞིབ་དང་ལེན་བྱེད་དགོས།རྒྱ་ལམ་སྐྱེལ་འདྲེན་དང་དེ་བཞིན་འབྲེལ་ཡོད་ལས་སྒོ་གཉེར་མཁན་གྱིས་ངེས་པར་དུ་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ནས་དཔྱད་སྤྲོད་བྱས་པའི་རྒྱ་ལམ་སྐྱེལ་འདྲེན་གྱི་འོས་ཐོབ་ལག་ཁྱེར་རག་པ་བྱེད་དགོས་པ་མ་ཟད། ལག་ཁྱེར་འཁྱེར་ནས་ལས་ཀ་བྱེད་དགོས།

    དོན་ཚན་བཅུ་བཞི་པ། རྒྱ་ལམ་སྐྱེལ་འདྲེན་དང་དེ་བཞིན་འབྲེལ་ཡོད་ལས་སྒོ་གཉེར་བའི་རིན་གོང་གི་ཚད་གཞི་ནི་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་གཞིར་བཟུང་ལག་ལེན་བསྟར་དགོས་པ་དང་གཏན་འབེབས་མེད་རིགས་ཞབས་ཞུའི་བབ་མཚུངས་རིན་ཐང་གི་རྩ་དོན་ལྟར་ལས་གཉེར་བྱེད་མཁན་གྱིས་རང་ཚུགས་ཐོག་རིན་གོང་གཏན་འཁེལ་བྱེད་དགོས་པ་མ་ཟད། འབྲེལ་ཡོད་སྡེ་ཚན་ལ་སྙན་ཐོ་དཔོད་དགོས།

    རྒྱལ་སྤྱིའི་རྒྱ་ལམ་སྐྱེལ་འདྲེན་གྱི་རིན་གོང་དང་རིན་བསྡུའི་ཚད་གཞི་དེ་ཕྱོགས་གཉིས་དང་ཕྱོགས་མང་སྐྱེལ་འདྲེན་གྱི་གྲོས་མཐུན་གཏན་འབེབས་ལྟར་ལག་ལེན་བསྟར་དགོས།

    རྒྱ་ལམ་སྐྱེལ་འདྲེན་དང་དེ་བཞིན་འབྲེལ་ཡོད་ལས་སྒོ་གཉེར་མཁན་གྱིས་ངེས་པར་དུ་ཞབས་ཞུའི་རིན་གོང་དང་། ཞབས་ཞུའི་རིན་བསྡུའི་རྣམ་གྲངས། རིན་བསྡུའི་ཚད་གཞི་བཅས་ཁག་སོ་སོར་སྐྱེལ་འདྲེན་མོ་ཊའམ་ཡང་ན་ལས་གཉེར་བྱེད་གནས་ཀྱི་མངོན་གསལ་དོད་སར་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་ཡོངས་བསྒྲགས་བྱེད་དགོས།

    དོན་ཚན་བཅོ་ལྔ་པ། རྒྱ་ལམ་སྐྱེལ་འདྲེན་དང་དེ་བཞིན་འབྲེལ་ཡོད་ལས་སྒོ་གཉེར་བའི་ཆེད་སྤྱོད་སྤ་སེ་དེ་རང་སྐྱོང་ལྗོངས་ཁྲལ་དོན་སྡེ་ཚན་གྱིས་པར་འདེབས་དང་། དོ་དམ། གཏོང་སྤྲོད་བཅས་བྱེད་རྒྱུ་དང་། ཆེད་སྤྱོད་བྱུང་འཛིན་ནོར་སྲིད་སྡེ་ཚན་ནས་ལྟ་ཞིབ་བཟོ་སྒྲིག་བྱེད་རྒྱུ། འགྲིམ་འགྲུལ་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་དོ་དམ་དང་གཏོང་སྤྲོད་བྱེད་འགན་འཁུར་རྒྱུ། རྒྱ་ལམ་སྐྱེལ་འདྲེན་གྱི་འཁོར་བྱང་དང་། ལམ་འཛིན། དབོར་འཛིན། འགྲོ་གྲོན་གྱི་དུས་རྩིས་དཔང་འཛིན་བཅས་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ཀྱིས་པར་འདེབས་དང་། དོ་དམ། གཏོང་སྤྲོད་བཅས་བྱེད་འགན་འཁུར་རྒྱུ། ཚན་པ་གང་ཞིག་དང་མི་སྒེར་སུ་འདྲ་ཞིག་གིས་ཀྱང་རྒྱ་ལམ་སྐྱེལ་འདྲེན་གྱི་སྤ་སེ་དང་། དཔང་འཛིན། མཚོན་རྟགས་བཅས་རྫུན་བཟོ་དང་། བཟོ་བཅོས། ནང་བཤུག བོགས་གཏོང་། བར་ཚོང་རྒྱག་པ་བཅས་བྱེད་མི་ཆོགརྒྱ་ལམ་སྐྱེལ་འདྲེན་དང་དེ་བཞིན་འབྲེལ་ཡོད་ལས་སྒོ་གཉེར་མཁན་གྱིས་ངེས་པར་དུ་གོང་གསལ་གཏན་འབེབས་བྱས་པའི་གཅིག་གྱུར་འཛིན་ཤོག་བེད་སྤྱོད་གཏོང་དགོས། གཅིག་གྱུར་འཛིན་ཤོག་མ་སྤྱད་ན་འགྲུལ་པ་དང་། ཟོག་བདག ཞབས་འདེགས་ཞུ་ཡུལ་གཞན་དག་བཅས་ཀྱིས་འབྲེལ་ཡོད་འགྲོ་གྲོན་མི་སྤྲོད་པའི་དབང་ཆ་ཡོད། དོན་ཚན་བཅུ་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་དཀྲིས་པའི་ཉེན་སེལ་དང་། རྒུད་སྐྱོབ། དམག་གྲབས་སོགས་ཛ་དྲག་ཆེ་བའི་སྐྱེལ་འདྲེན་ལས་འགན་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ཀྱིས་དཀྲིས་པའི་འགྲུལ་པ་དང་ཕུང་གསོག་ཐེབས་དྲགས་པའི་དངོས་ཟོག་རྣམས་འཕྲལ་མྱུར་འགྲེམས་སྐྱེལ་བྱེད་པའི་ལས་འགན་རྣམས་རིམ་པ་གཅིག་མཚུངས་ཀྱི་འགྲིམ་འགྲུལ་སྲིད་འཛིན་གཙོ་འགན་སྡེ་ཚན་ནམ་ཡང་ན་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ཀྱིས་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱེད་དགོས། སྐྱེལ་འདྲེན་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་གཅིག་གྱུར་བཀོད་གཏོང་ལ་སྲུང་བརྩི་ཞུ་དགོས།གོང་འཁོད་དོན་ཚན་གྱི་སྐྱེལ་འདྲེན་ལས་འགན་འཁུར་མཁན་ཚན་པ་དང་མི་སྒེར་ལ་ལས་འགན་དཀྲིས་མཁན་མི་དམངས་སྲིད་གཞུང་ངམ་ཡང་ན་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ཀྱིས་དེ་མཚུངས་ཀྱི་གུན་གསབ་སྤྲོད་འགན་འཁུར་དགོས།

    ལེའུ་གསུམ་པ། འགྲུལ་སྐྱེལ་ལས་གཉེར།

    དོན་ཚན་བཅུ་བདུན་པ། འགྲུལ་སྐྱེལ་ལས་གཉེར་གྱི་ཁོངས་སུ་རྒྱུན་བཙུགས་མོ་ཊའི་འགྲུལ་སྐྱེལ་དང་། འགྲུལ་སྐྱེལ་གླ་འཁོར། བོགས་གཏོང་མོ་ཊའི་འགྲུལ་སྐྱེལ། ཡུལ་སྐོར་སྤྲོ་འཆམ་གྱི་འགྲུལ་སྐྱེལ་སོགས་ཚུད་ཡོད། འགྲུལ་པ་སྐྱེལ་འདྲེན་བྱེད་དགོས་ཚེ་ངེས་པར་དུ་ཀུང་སི་ཅན་གྱི་ལས་གཉེར་བྱེད་དགོས་པ་ལས་གཞན་རྟེན་ལས་གཉེར་བྱེད་མི་ཆོག ལས་གཉེར་བྱེད་མཁན་གྱིས་ངེས་པར་དུ་སྤྱི་དམངས་ལ་བདེ་འཇགས་དང་། ཡོངས་ཁྱབ། རྒྱུན་མཐུད་བཅས་ཀྱི་ཞབས་ཞུ་སྒྲུབ་དགོས།

    དོན་ཚན་བཅོ་བརྒྱད་པ། འགྲུལ་སྐྱེལ་འགྲོ་ལམ་གྱི་ལས་གཉེར་བྱེད་དབང་དེ་ལོ་བཞི་ནས་ལོ་བརྒྱད་བར་གྱི་དུས་ཚད་ཡོད་པའི་ལས་གཉེར་ལམ་ལུགས་ལག་ལེན་བསྟར་རྒྱུ། འགྲོ་ལམ་གཅིག་པར་འགྲོ་སྐྱོད་བྱེད་རྒྱུའི་རེ་བ་ཞུ་མཁན་3ཡན་ཡོད་ན་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ཀྱིས་འོས་སྐུལ་བྱས་ནས་འགྲོ་སྐྱོད་ཆོག་པ་སུ་ཡིན་གཏན་འཁེལ་བྱེད་རྒྱུ། འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་རྒྱུན་བཙུགས་འགྲོ་ལམ་གྱི་འགྲུལ་སྐྱེལ་ལས་གཉེར་བྱེད་མཁན་གྱི་མོ་ཊའི་དབྱིབས་རིགས་རིམ་པ་དང་། རྒྱུན་བཙུགས་འགྲོ་ལམ་གྱི་རིགས་གྲས། འོས་བབ་ཆ་རྐྱེན་སོགས་ལ་གཞིགས་ནས་དེ་མཚུངས་ཀྱི་ལས་གཉེར་དུས་བཅད་བཟོ་དགོས། ལས་གཉེར་དུས་ཚད་ཐིམ་ནས་མུ་མཐུད་ལས་གཉེར་བྱེད་དགོས་ཚེ་ངེས་པར་དུ་དུས་ཚད་མ་ཐིམ་གོང་གི་ཉིན་60ཡི་སྔོན་ནས་ཞུ་ཡིག་འབུལ་དགོས།སྲོལ་ཡིག་འདིའི་གཏན་འབེབས་ལྟར་ལས་གཉེར་དུས་ཚད་གཏན་འཁེལ་བྱས་མེད་ཚེ་ངེས་པར་དུ་སྲོལ་ཡིག་འདིར་དག་བཅོས་བྱས་པའི་ཉིན་ནས་བཟུང་ཟླ་6ནང་ཚུན་དུ་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་སུ་ལས་གཉེར་དུས་ཚད་ཞིབ་གཏན་བྱེད་རྒྱུའི་འགྲོ་ལུགས་གཉེར་དགོས།ཞབས་ཞུའི་སྤུས་ཚད་ཐོག་ནས་འོས་སྐུལ་བྱས་ཏེ་འགྲུལ་སྐྱེལ་འགྲོ་ལམ་གྱི་ལས་གཉེར་བྱེད་དབང་ཐོབ་མཁན་གྱིས་ངེས་པར་དུ་ཁས་བླངས་པའི་ཞབས་ཞུའི་སྤུས་ཚད་ལྟར་ཞབས་ཞུ་སྒྲུབ་དགོས།འགྲུལ་སྐྱེལ་ལས་གཉེར་བྱེད་དབང་བོགས་མར་གཏོང་བ་དང་རང་དགར་ནང་བཤུག་གཏོང་མི་ཆོག

    དོན་ཚན་བཅུ་དགུ་པ། འགྲུལ་སྐྱེལ་ལས་གཉེར་བྱེད་མཁན་གྱིས་ངེས་པར་དུ་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ནས་ཞིབ་གཏན་བྱས་པའི་འགྲོ་ལམ་ དང་། གཏོང་ཐེངས། འབབ་ཚུགས། དུས་ཚོད། མི་གྲངས་ཚད་གཞི། དེ་བཞིན་ལས་གཉེར་བྱེད་ཁོངས་བཅས་ལ་གཞིགས་ཏེ་ལས་གཉེར་བྱེད་དགོས་པ་ལས་ཆོག་མཆན་མ་ཐོབ་པར་འགྱུར་བ་གཏོང་མི་ཆོག

    དོན་ཚན་ཉི་ཤུ་པ། འགྲུལ་སྐྱེལ་ལས་གཉེར་བྱེད་མཁན་གྱིས་ངེས་པར་དུ་མོ་ཊ་གཏོང་རྩལ་ཡག་པོ་ཡོད་པ་བྱེད་དགོས་པ་དང་། འགྲུལ་སྐྱེལ་མོ་ཊའི་ཐོག་འགྲོ་ལམ་དང་། ས་ཁོངས་མཚོན་རྟགས། རིན་གོང་རེའུ་མིག་བཅས་འགེལ་དགོས་ཤིང་། མོ་ཊའི་ཕྱི་ནང་གི་མངོན་གསལ་དོད་སར་ཚན་པའི་མིང་དང་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ཀྱི་ལྟ་སྐུལ་ཁ་པར་ཨང་གྲངས་འགོད་དགོས།

    དོན་ཚན་ཉེར་གཅིག་པ། འགྲུལ་སྐྱེལ་ལས་གཉེར་བྱེད་མཁན་གྱིས་ངེས་པར་དུ་འགྲུལ་སྐྱེལ་གྱི་སྒྲིག་སྲོལ་ལ་སྲུང་བརྩི་ཞུ་དགོས་པ་ལས་འགྲུལ་པ་ཨུ་ཚུགས་ཀྱིས་བླུགས་པ་དང་ལམ་བར་དུ་འབེབས་པའམ་ཡང་ན་གླ་རིན་སྤར་བ་བཅས་བྱེད་མི་ཆོག་པ་དང་། འབབ་ཚུགས་ཀྱི་ལམ་བཀག་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་རྒྱ་ལམ་སྐྱེལ་འདྲེན་ཁྲོམ་རའི་སྒྲིག་ལམ་ལ་གནོད་སྐྱོན་གཏོང་མི་ཆོགརང་བྱུང་གནོད་འཚེ་དང་། འགྲིམ་འགྲུལ་ལས་འཛོལ། མོ་ཊའི་འཕྲུལ་ཆས་སྐྱོན་ཤོར་བ་བཅས་ཀྱི་རྐྱེན་པས་མོ་ཊ་མུ་མཐུད་འགྲོ་སྐྱོད་བྱེད་མ་ཐུབ་པ་ཕུད། འགྲུལ་སྐྱེལ་ལས་གཉེར་བྱེད་མཁན་གྱིས་ལམ་བར་དུ་རང་དགར་མོ་ཊ་བརྗེ་པོ་རྒྱག་པའམ་ཡང་ན་འགྲུལ་པ་རྣམས་སྐྱེལ་འདྲེན་ལས་གཉེར་བྱེད་མཁན་གཞན་དག་ལ་དབོར་དུ་འཇུག་མི་ཆོག སྐྱེལ་འདྲེན་ལས་གཉེར་བྱེད་མཁན་གྱིས་འགྲུལ་པ་ལུས་པ་དང་། བླུགས་ནོར་ཤོར་བ། ལམ་བར་ནས་མོ་ཊ་གཞན་ནང་བླུགས་པ་བཅས་བྱས་ཚེ་ངེས་པར་དུ་འགྲུལ་པའི་རེ་འདུན་ལྟར་སྤ་སེའི་རིན་པ་ཕྱིར་སློག་བྱེད་པའམ་ཡང་ན་མོ་ཊ་གཞན་ནང་འགྲོ་རྒྱུ་བཀོད་སྒྲིག་བྱེད་དགོས་པ་དང་། འགྲུལ་པས་མོ་ཊ་ཡག་པའི་སྤ་སེ་ཉོས་ཀྱང་མོ་ཊ་ཞན་པའི་ནང་འགྲོ་རུ་བཅུག་ན། ངེས་པར་དུ་སྤ་སེའི་རིན་གོང་གི་གྲངས་ཁྱད་ཕྱིར་སློག་བྱེད་དགོས། འགྲུལ་པས་མོ་ཊ་ཞན་པའི་སྤ་སེ་ཉོས་ཀྱང་མོ་ཊ་ཡག་པའི་ནང་བཏང་ན། སྤ་སེའི་རིན་གོང་གི་གྲངས་ཁྱད་གསབ་སྤྲོད་བྱེད་མི་དགོས། འགྲུལ་པར་རྨས་སྐྱོན་བྱུང་བའམ་ཡང་ན་མངགས་སྐྱེལ་བྱས་པའི་དོ་པོ་བོར་བརླག་ཤོར་བ་དང་། མ་ཚང་བ། སྐྱོན་ཤོར་བ་བཅས་བྱུང་ཚེ་ཁྲིམས་ལྟར་དེ་མཚུངས་ཀྱི་སྐྱིན་ཚབ་འཇལ་འགན་འཁུར་དགོས།འགྲུལ་པའི་ནོར་འཛོལ་གྱི་རྐྱེན་པས་མི་གཞན་ལ་རྨས་སྐྱོན་ཕོག་པ་དང་རྒྱུ་ནོར་ཐད་ལ་གྱོང་གུན་བཟོས་པའམ་ཡང་ན་མོ་ཊར་སྐྱོན་ཆག་བཟོས་ན། ཁྲིམས་ལྟར་དེ་མཚུངས་ཀྱི་སྐྱིན་ཚབ་འཇལ་རྒྱུའི་འགན་འཁུར་དགོས།

    དོན་ཚན་ཉེར་གཉིས་པ། འགྲུལ་སྐྱེལ་རྒྱུན་བཙུགས་མོ་ཊས་ངེས་པར་དུ་འབབ་ཚུགས(བྱེད་གནས)ཀྱི་བཀོད་གཏོང་ལ་སྲུང་བརྩི་ཞུ་དགོས་པ་དང་། སྔ་རྟིང་བཞིན་བང་སྒྲིག་པ་དང་གོ་རིམ་བཞིན་མོ་ཊ་གཏོང་བ། ཆོག་མཆན་ཐོབ་པའི་འགྲུལ་སྐྱེལ་འབབ་ཚུགས་དང་ས་ཚུགས་སུ་བསྡད་ནས་འགྲུལ་པ་འབབ་འཛུལ་བཅས་བྱེད་དགོས། འབབ་ཚུགས་ཡོལ་ནས་འགྲུལ་པ་བླུག་མི་ཆོག

    གླ་འཁོར་འགྲོ་ལམ་གྱི་གནས་གཅིག་ངེས་པར་དུ་མོ་ཊའི་ཐེམ་ཐོ་ཡོད་སར་ཡིན་དགོས་ཤིང་། ཁ་ཆད་གཏན་འཁེལ་གྱི་ཐོན་ས་དང་། འབྱོར་ས། འགྲོ་ལམ་བཅས་གཞིར་བཟུང་གླ་འཁོར་གྱི་འགྲོ་ལུགས་གཉེར་དགོས་པ་ལས་ཁེར་བགྲོད་འགྲུལ་པ་སྐྱེལ་འདྲེན་བྱེད་པའམ་ཡང་ན་ས་གནས་གཞན་དུ་ལས་གཉེར་བྱེད་མི་ཆོག

    འགྲོ་ལམ་གཏན་འཁེལ་གྱི་ཡུལ་སྐོར་འགྲུལ་སྐྱེལ་བྱེད་སྐབས་ངེས་པར་དུ་རྒྱུན་བཙུགས་མོ་ཊའི་འགྲུལ་སྐྱེལ་དོ་དམ་གཞིར་བཟུང་དགོས་པ་དང་འགྲོ་ལམ་གཏན་འཁེལ་མེད་པའི་ཡུལ་སྐོར་འགྲུལ་སྐྱེལ་བྱེད་སྐབས་ངེས་པར་དུ་འགྲུལ་སྐྱེལ་གླ་འཁོར་གྱི་དོ་དམ་གཞིར་བཟུང་དགོས། ཡུལ་སྐོར་འགྲུལ་སྐྱེལ་མོ་ཊས་ཡུལ་སྐོར་བ་ཕུད་མི་གཞན་དག་སྐྱེལ་འདྲེན་བྱེད་མི་ཆོག་ལ། ལམ་བར་ནས་འགྲུལ་པ་བླུག་མི་ཆོག

    དོན་ཚན་ཉེར་གསུམ་པ། ས་གནས་དེ་གའི་གྲོང་ཁྱེར་གྱི་འགྲིམ་འགྲུལ་འཆར་འགོད་དང་། རྒྱ་ལམ་སྐྱེལ་འདྲེན་གོང་འཕེལ་གྱི་འཆར་འགོད། དེ་བཞིན་བོགས་གཏོང་འགྲུལ་སྐྱེལ་ཁྲོམ་རའི་དགོས་མཁོ་བཅས་ཀྱི་གནས་ཚུལ་ལ་གཞིགས་ཏེ་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ཀྱིས་བོགས་གཏོང་མོ་ཊའི་གྲངས་ཚད་བཟོ་དགོས་པ་མ་ཟད། རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས།

    དོན་ཚན་ཉེར་བཞི་པ། བོགས་གཏོང་མོ་ཊའི་འགྲུལ་སྐྱེལ་ལས་གཉེར་བྱེད་པར་ངེས་པར་དུ་གཤམ་གསལ་གྱི་ཆ་རྐྱེན་འཛོམས་དགོས་པ་སྟེ།

    (གཅིག)བོགས་གཏོང་མོ་ཊའི་ལས་གཉེར་བྱེད་དབང་ཡོད་པ་དང་།

    (གཉིས)གཏན་འབེབས་དང་མཐུན་པའི་ཁ་ལོ་བ་ཡོད་པ་དང་ཞིབ་དཔྱད་ཚད་གཞི་ལོན་པའི་མོ་ཊ་ཡོད་པ།

    (གསུམ)བདེ་འཇགས་དོ་དམ་ལམ་ལུགས་ཆ་ཚང་བ་དང་དེ་མཚུངས་ཀྱི་འགན་འཁྲི་འཁུར་ནུས་ཡོད་པ།

    (བཞི)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་ཆ་རྐྱེན་གཞན་དག་བཅས་སོ།

    དོན་ཚན་ཉེར་ལྔ་པ། བོགས་གཏོང་མོ་ཊ་དེ་ངེས་པར་དུ་གླ་མཁན་གྱིས་དམིགས་འཛུགས་བྱས་པའི་ས་ཡུལ་དུ་ལམ་ཐིག་འཚམ་པོ་ཞིག་བདམས་ནས་འགྲོ་དགོས་པ་དང་རིན་གོང་རྩིས་ཆས་ཐོག་མངོན་པའི་དངུལ་གྲངས་སམ་ཡང་ན་ཕྱོགས་གཉིས་པོས་ཁ་ཆད་བྱས་པའི་རིན་གོང་ལྟར་རྩིས་རྒྱག་དགོས་པ་ལས་རྐང་བཙུགས་ནས་སྐོར་བསྐྱོད་བྱེད་མི་ཆོག

    བོགས་གཏོང་མོ་ཊའི་ནང་འགྲུལ་པ་བླུགས་རྗེས་མོ་ཊ་གླ་མཁན་གྱི་མོས་མཐུན་མ་ཐོབ་པར་མི་གཞན་མཉམ་དུ་བླུག་མི་ཆོགབོགས་གཏོང་མོ་ཊས་ས་ཆ་གཞན་གྱི་འབབ་ཚུགས་སུ་འགྲུལ་པ་སྐྱེལ་འདྲེན་བྱེད་མི་ཆོག མོ་ཊ་སྟོང་པ་ཡིན་ན་འགྲུལ་པ་མི་བླུག་པ་བྱེད་མི་ཆོག

    དོན་ཚན་ཉེར་དྲུག་པ། བོགས་གཏོང་མོ་ཊའི་ལས་གཉེར་བྱེད་མཁན་གྱིས་ངེས་པར་དུ་ཁེ་འབབ་ཀྱི་ཚད་གཞི་ལྟར་དེ་མཚུངས་ཀྱི་རྒྱ་ལམ་སྐྱེལ་འདྲེན་གྱི་ཉེན་འགན་འཁུར་དགོས།

    ལེའུ་བཞི་པ། ཟོག་འདྲེན་ལས་གཉེར།

    དོན་ཚན་ཉེར་བདུན་པ། ཟོག་འདྲེན་ལས་གཉེར་གི་ཁོངས་སུ་སྤྱིར་བཏང་ཟོག་འདྲེན་དང་། དོས་སྒམ་ཟོག་འདྲེན། ཉེན་ཆེའི་ཟོག་འདྲེན། བོགས་གཏོང་ཟོག་འདྲེན། དེ་བཞིན་ཐོན་ཟོག་སོས་པ་དང་གསོན་པ། འཁྱགས་ཟོག་སྐྱེལ་འདྲེན་བྱེད་པ་སོགས་ཚུད་ཡོད།

    དངོས་ཟོག་སྐྱེལ་འདྲེན་བྱེད་སྐབས་ངེས་པར་དུ་གན་རྒྱའི་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་དགོས་ཤིང་། ཚན་པ་གང་ཞིག་དང་མི་སྒེར་སུ་འདྲ་ཞིག་གིས་ཀྱང་ལུགས་མཐུན་མིན་པའི་བྱ་ཐབས་སྤྱད་དེ་དངོས་ཟོག་རག་ཐབས་བྱེད་པ་དང་ཟོག་ཁུངས་སྒེར་སྡོམ་བྱེད་མི་ཆོག

    དོན་ཚན་ཉེར་བརྒྱད་པ། ཟོག་འདྲེན་ལས་གཉེར་བྱེད་མཁན་གྱིས་ངེས་པར་དུ་མོ་ཊའི་བཟོ་དབྱིབས་དང་། ལག་རྩལ་གྱི་ཆ་རྐྱེན་ལ་གཞིགས་ནས་བླུག་འཚམ་པའི་དངོས་ཟོག་སྐྱེལ་འདྲེན་བྱེད་དགོས་པ་ལས་ཐེག་ཚད་དང་ཤོང་ཚད་བརྒལ་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་མི་ཆོག དངོས་ཟོག་སྐྱེལ་འདྲེན་ལས་གཉེར་བྱེད་མཁན་གྱིས་དབོར་འགན་འཁུར་བའི་དངོས་ཟོག་བོར་བརླག་སོང་བ་དང་མ་ཚང་བ། སྐྱོན་ཆག་སོང་བ་བཅས་བྱུང་ཚེ་ངེས་པར་དུ་སྐྱིན་ཚབ་འཇལ་འགན་འཁུར་དགོས།

    དོན་ཚན་ཉེར་དགུ་པ། བོགས་གཏོང་ཟོག་འདྲེན་མོ་ཊ་དེ་ངེས་པར་དུ་མོ་ཊ་གླ་མཁན་གྱིས་དམིཌ་འཛུགས་བྱས་པའི་ས་ཡུལ་དང་འགྲོ་ལམ་ཐོག་སྐྱོད་དགོས་ཤིང་། མོ་ཊའི་ནང་དངོས་ཟོག་དབོར་འདྲེན་བྱེད་མཁན་ཕུད། མི་གཞན་དག་བླུག་མི་ཆོག་ལ། ས་གནས་གཞན་གྱི་འབབ་ཚུགས་སུའང་ལས་གཉེར་བྱེད་མི་ཆོག

    དོན་ཚན་སུམ་ཅུ་པ། ཉེན་ཆེའི་དངོས་ཟོག་སྐྱེལ་འདྲེན་གྱི་འོས་ཐོབ་མ་རག་པར་ཉེན་ཆེའི་དངོས་ཟོག་སྐྱེལ་འདྲེན་གྱི་ལས་སྒོ་གཉེར་མི་ཆོག ཉེན་ཆེའི་དངོས་ཟོག་སྐྱེལ་འདྲེན་མངགས་སྐྱེལ་བྱེད་མཁན་གྱིས་ཉེན་ཆེའི་དངོས་ཟོག་སྐྱེལ་འདྲེན་གྱི་འོས་ཐོབ་མེད་མཁན་ལ་དངོས་ཟོག་སྐྱེལ་འདྲེན་བྱེད་དུ་འཇུག་མི་ཆོག ཉེན་ཆེའི་དངོས་ཟོག་སྐྱེལ་འདྲེན་བྱེད་མཁན་མོ་ཊའི་ཐོག་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་བཞིན་ཉེན་ཆེའི་དངོས་ཟོག་སྐྱེལ་འདྲེན་གྱི་མཚོན་རྟགས་འགེལ་དགོས་པ་དང་། དགོས་ངེས་ཀྱི་དོས་འདེད་པ་བཀོད་སྒྲིག་བྱེད་དགོས་པ་ལས་འབྲེལ་བ་མེད་པའི་མི་བླུག་མི་ཆོག

    དོན་ཚན་སོ་གཅིག་པ། སྐྱེལ་འདྲེན་ཚད་བཀག་བྱས་པའི་དངོས་ཟོག་དང་། དཔང་ཡིག་འཁྱེར་ནས་སྐྱེལ་འདྲེན་བྱེད་དགོས་པའི་དངོས་ཟོག ཉེན་ཆེའི་དངོས་ཟོག་བཅས་སྐྱེལ་འདྲེན་བྱེད་པར་སྐྱེལ་འདྲེན་མངགས་སྐྱེལ་བྱེད་མཁན་གྱིས་ངེས་པར་དུ་འབྲེལ་ཡོད་ཀྱི་ཞིབ་མཆན་འགྲོ་ལུགས་གཉེར་དགོས། སྐྱེལ་འདྲེན་བྱེད་མཁན་གྱིས་གོང་གསལ་དངོས་ཟོག་དེ་རིགས་སྐྱེལ་འདྲེན་བྱེད་སྐབས་ངེས་པར་དུ་འབྲེལ་ཡོད་ཀྱི་འགྲོ་ལུགས་ལ་ཞིབ་བཤེར་བྱེད་དགོས། འགྲིམ་འགྲུལ་དང་སྤྱི་བདེ་སོགས་སྡེ་ཚན་གྱིས་ངེས་པར་དུ་ཞིང་ལས་ཐོན་ཟོག་སོས་པ་དང་གསོན་པ་དབོར་མཁན་མོ་ཊར་སྟབས་བདེ་བསྐྲུན་པ་དང་དུས་ཐོག་ཏུ་ཞབས་འདེགས་ཞུ་དགོས་པ་དང་། སྒྲིག་འགལ་མོ་ཊ་དེ་རིགས་སྔོན་ལ་གློད་ནས་ཐག་གཅོད་རྗེས་སུ་བྱེད་དགོས།

    ལེའུ་ལྔ་པ། རྒྱ་ལམ་སྐྱེལ་འདྲེན་དང་འབྲེལ་བ་ཡོད་པའི་ལས་སྒོ།

    དོན་ཚན་སོ་གཉིས་པ། འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་འབབ་ཚུགས(བྱེད་གནས)དང་སྐྱེལ་འདྲེན་ཞབས་ཞུ་ས་ཚུགས་(བྱེད་གནས)སོགས་རྒྱ་ལམ་སྐྱེལ་འདྲེན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་སྐབས་ངེས་པར་དུ་འགྲུལ་པ་སྐྱེལ་འདྲེན་དང་། དངོས་ཟོག་སྐྱེལ་འདྲེན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གོང་འཕེལ་འཆར་འགོད་བཅས་དང་མཐུན་དགོས་ཤིང་། ས་ཆ་འདེམས་སྐབས་ངེས་པར་དུ་མང་ཚོགས་འགྲོ་བདེ་ཡོང་བའམ་ཡང་ན་དངོས་ཟོག་འདུ་འགྲེམས་བྱེད་བདེ་ཡོང་བ་བྱེད་དགོས་པ་མ་ཟད། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད་ནང་འཇུག་དགོས།

    དོན་ཚན་སོ་གསུམ་པ། འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་འབབ་ཚུགས(བྱེད་གནས)ཀྱིས་ངེས་པར་དུ་འགྲུལ་པ་དང་དངོས་ཟོག་གི་དོ་བདག་ལ་སྤུས་ལེགས་དང་བདེ་འཇགས་ལྡན་པའི་ཞབས་འདེགས་ཞུ་དགོས་པ་དང་རྒྱ་ལམ་སྐྱེལ་འདྲེན་གྱི་ལས་གཉེར་བྱེད་མཁན་ཚོར་དྲང་གཞག་འགྲན་རྩོད་བྱེད་པའི་ཁོར་ཡུག་ཅིག་སྐྲུན་དགོས། ཆོག་མཆན་མ་ཐོབ་པར་འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་འབབ་ཚུགས(བྱེད་གནས)ཀྱི་སྤྱོད་སྒོ་དང་ཞབས་ཞུའི་བྱེད་ནུས་ལ་འགྱུར་བ་གཏོང་མི་ཆོག་ལ་འགྲུལ་སྐྱེལ་སྤ་སེ་འཚོང་ས་དང་མོ་ཊ་ཐོན་ས་རང་དགར་འཛུགས་མི་ཆོག

    དོན་ཚན་སོ་བཞི་པ། འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་འབབ་ཚུགས(བྱེད་གནས)ཀྱིས་ངེས་པར་དུ་མོ་ཊ་འཛུལ་ཐོན་འབབ་ཚུགས(བྱེད་གནས)ལ་བདེ་འཇགས་ཞིབ་བཤེར་དང་ཐོ་འགོད་དང་། ལྟ་བཤེར་བྱེད་པའི་ལམ་ལུགས་ལག་ལེན་ནན་པོ་བསྟར་དགོས་ཤིང་། རྒྱ་ལམ་སྐྱེལ་འདྲེན་གྱི་འཁྲོལ་འཛིན་མེད་པ་དང་། ལག་ཁྱེར་དང་མ་མཐུན་པའི་མོ་ཊའི་རིགས་འབབ་ཚུགས་ནང་འཛུལ་ནས་ལས་གཉེར་བྱེད་དུ་འཇུག་མི་ཆོག་པ་དང་། ཚད་གཞི་དང་ཤོང་ཚད་བརྒལ་ནས་དངོས་ཟོག་དང་འགྲུལ་པ་བླུགས་པའི་མོ་ཊའི་རིགས་འབབ་ཚུགས་ནས་ཐོན་དུ་འཇུག་མི་ཆོག

    རིམ་པ་གཉིས་པ་ཡན་གྱི་འགྲུལ་སྐྱེལ་འབབ་ཚུགས་ཀྱིས་ངེས་པར་དུ་རྡོག་ཁྲེས་ཀྱི་བདེ་འཇགས་ཞིབ་བཤེར་སྒྲིག་ཆས་སྒྲིག་སྦྱོར་དང་བེད་སྤྱོད་གཏོང་དགོས། འགྲུལ་པས་ངེས་པར་དུ་རྡོག་ཁྲེས་ལ་བདེ་འཇགས་ཞིབ་བཤེར་བྱེད་པར་གཞོགས་འདེགས་བྱེད་དགོས་ཤིང་། བདེ་འཇགས་ཞིབ་བཤེར་བྱེད་དུ་མ་བཅུག་ཚེ་འགྲུལ་སྐྱེལ་འབབ་ཚུགས་ཀྱིས་འགྲུལ་པ་འབབ་ཚུགས་ནང་འཛུལ་དུ་མི་འཇུག་པ་དང་མོ་ཊར་སྡོད་དུ་མི་འཇུག་པའི་དབང་ཆ་ཡོད། དོགས་པ་ཡོད་པའམ་ཡང་ན་སྐྱེལ་འདྲེན་བྱེད་མི་ཆོག་པའི་དངོས་ཟོག་ཡོད་པ་ཤེས་ཚེ་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས།

    དོན་ཚན་སོ་ལྔ་པ། འགྲུལ་སྐྱེལ་ལས་གཉེར་དང་འགྲུལ་སྐྱེལ་འབབ་ཚུགས་ཀྱི་ལས་གཉེར་གཉིས་ངེས་པར་དུ་ལོགས་སུ་འབྱེད་དགོས་པ་དང་འགྲུལ་སྐྱེལ་འབབ་ཚུགས་ཀྱི་ལས་གཉེར་པས་ངེས་པར་དུ་འབབ་ཚུགས་ནང་འཛུལ་བའི་འགྲུལ་སྐྱེལ་ལས་གཉེར་བྱེད་མཁན་ལ་དྲང་བདེན་དང་དྲང་གཞག་གི་ལྟ་སྟངས་བཟུང་ནས་དྲང་གཞག་ཐོག་བང་སྒྲིག་པ་དང་། སྤ་སེ་འཚོང་བ། མོ་ཊ་གཏོང་བ་བཅས་བྱེད་དགོས།

    འགྲུལ་སྐྱེལ་ལས་གཉེར་བྱེད་མཁན་དང་འགྲུལ་སྐྱེལ་འབབ་ཚུགས་ཀྱི་ལས་གཉེར་པའི་དབར་འགྲུལ་སྐྱེལ་གྱི་བང་སྒྲིག་པ་དང་། སྤ་སེ་འཚོང་བ། མོ་ཊ་གཏོང་བ་སོགས་ཀྱི་ཐད་རྩོད་གཞི་བྱུང་ཚེ་ངེས་པར་དུ་གྲོས་མོལ་བྱས་ནས་ཐག་གཅོད་བྱེད་དགོས། གྲོས་མོལ་བྱེད་ཐབས་མེད་ན། འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ནས་ཐག་གཅོད་བྱེད་དགོས། འགྲུལ་སྐྱེལ་གྱི་རྒྱུན་བཙུགས་འགྲོ་ལམ་གཉེར་མཁན་གྱིས་དོན་མེད་དུ་མོ་ཊ་མི་གཏོང་བའམ་ཡང་ན་འབབ་ཚུགས་སུ་མ་འཛུལ་པར་བསྟུད་མར་གཏོང་ཐེངས་2ལས་གཉེར་བྱས་ཚེ། འགྲུལ་སྐྱེལ་འབབ་ཚུགས་ཀྱི་ལས་གཉེར་པས་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ལ་ངེས་པར་དུ་འཕྲལ་མར་སྙན་སེང་ཞུ་དགོས།

    དོན་ཚན་སོ་དྲུག་པ། འགྲུལ་སྐྱེལ་འབབ་ཚུགས་ཀྱི་ལས་གཉེར་པས་ངེས་པར་དུ་འབབ་ཚུགས་ནང་འཛུལ་མཁན་འགྲུལ་སྐྱེལ་མོ་ཊའི་སྐྱེལ་འདྲེན་གྱི་འགྲོ་ལམ་དང་། མོ་ཊ་རབ་འབྲིང་། བཀག་སའི་འབབ་ཚུགས། གཏོང་ཐེངས། མོ་ཊ་གཏོང་དུས། སྤ་སེའི་རིན་གོང་། སྐྱེལ་འདྲེན་བྱེད་མཁན་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་དགོས་པ་དང་། འགྲུལ་པས་རང་མོས་ངང་འགན་བཅོལ་ཉོ་བའི་ཁེ་དབང་སྲུང་སྐྱོང་བྱེད་དགོས་པ་མ་ཟད། སྤ་སེ་འཚོང་སའི་དཀར་ཁུང་གི་མངོན་གསལ་དོད་སར་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་དྲན་སྐུལ་གཏོང་དགོས།

    འགྲུལ་སྐྱེལ་འབབ་ཚུགས་ཀྱི་ལས་གཉེར་པས་གཤམ་གསལ་གྱི་ལས་སྒོ་སྤེལ་མི་ཆོག་པ་སྟེ།

    (གཅིག)འགྲུལ་སྐྱེལ་ལས་གཉེར་པ་དང་འགྲུལ་པའི་ས་ནས་ཁྲིམས་འགལ་གྱིས་གླ་རིན་བསྡུ་བ་དང་། ལེབ་དཀྲིས་བྱེད་པ། དངོས་རྫས་སྣ་ཚོགས་འགྲེམས་འཚོང་བྱེད་པའི་རིགས་དང་།

    (གཉིས)སྤ་སེ་འཚོང་སྐབས་བཙན་ཤེད་དམ་ཡང་ན་ངོ་བོ་བསྒྱུར་ནས་བཙན་ཤེད་ཀྱིས་འགན་བཅོལ་འཚོང་བའི་རིགས།

    (གསུམ)འགྲུལ་སྐྱེལ་ལས་གཉེར་པས་སྤ་སེའི་དངུལ་དུས་ཐོག་ཏུ་རྩིས་མི་རྒྱག་པའམ་དང་ཡང་ན་བཟུང་སྤྱོད་དང་གཞན་སྤྱོད་བྱེད་པའི་རིགས།

    (བཞི)འགྲུལ་སྐྱེལ་ལས་གཉེར་པར་བཙན་ཤེད་ཀྱིས་སྔ་སྣུར་རམ་ཡང་ན་ཕྱི་འགྱངས་བྱས་ཏེ་མོ་ཊ་གཏོང་དུ་འཇུག་པའི་རིགས།

    (ལྔ)འབབ་ཚུགས་ཀྱི་ཕྱིར་མོ་ཊ་བཀག་སྟེ་ཞིབ་བཤེར་བྱེད་པའི་རིགས།

    (དྲུག)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་བཀག་སྡོམ་བྱས་པའི་བྱ་སྤྱོད་གཞན་དག་བཅས་སོ།

    དོན་ཚན་སོ་བདུན་པ། འཕྲུལ་སྒུལ་འཁོར་རིགས་ཉམས་གསོ་བྱེད་རྒྱུའི་ནང་མོ་ཊ(སྦག་སྦག་ཚུད)ཉམས་གསོ་ཆེ་བ་དང་ཆུང་བ། འཕྲུལ་འཁོར་ཧྲིལ་པོའི་ཉམས་གསོ། མོ་ཊ་བདག་སྐྱོང་། ཆེད་དམིགས་བཟོ་བཅོས་བཅས་ཚུད་ཡོད།

    འཕྲུལ་སྒུལ་འཁོར་རིགས་ཀྱི་ནུས་པ་ཞིབ་དཔྱད་བྱེད་རྒྱུའི་ནང་ལག་རྩལ་ཞིབ་བཤེར་དང་། སྐྱོན་ཆ་རྩད་གཅོད། ཉམས་གསོའི་སྤུས་ཀ་ཞིབ་དཔྱད། ཆེད་དམིགས་ཞིབ་དཔྱད་སོགས་ཚུད་ཡོད།

    འགྲིམ་འགྲུལ་སོགས་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་རྒྱ་ལམ་སྐྱེལ་འདྲེན་ལས་གཉེར་པ་དམིགས་སུ་བཀར་ནས་དམིགས་བཙུགས་ཉམས་གསོ་ཚན་པར་མོ་ཊ་ཉམས་གསོ་དང་ཞིབ་དཔྱད་བྱེད་དུ་འཇུག་པའམ་ཡང་ན་མོ་ཊའི་སྒྲིག་ཆས་སྒྲིག་སྦྱོར་བྱེད་དུ་འཇུག་མི་ཆོག

    དོན་ཚན་སོ་བརྒྱད་པ། འཕྲུལ་སྒུལ་འཁོར་རིགས་ཉམས་གསོ་བྱེད་མཁན་གྱིས་ངེས་པར་དུ་ཞིབ་གཏན་འཁེལ་བའི་ལས་གཉེར་བྱེད་ཁོངས་དང་ཉམས་བཟོའི་སྣ་རིགས་སྒོ་བྱང་ཐོག་གསལ་པོར་བཀོད་ནས་ལས་གཉེར་བྱེད་དགོས།

    འཕྲུལ་སྒུལ་འཁོར་རིགས་ཉམས་གསོ་བྱེད་པར་ཉམས་གསོའི་གན་རྒྱ་དང་། བཟོ་གྲྭ་ནས་ཐོན་པའི་ཚད་ལོན་ལག་ཁྱེར། སྤུས་ཚད་འགན་ལེན་དུས་ཚད་བཅས་ཀྱི་ལམ་ལུགས་ལག་ལེན་བསྟར་རྒྱུ། སྤུས་ཚད་འགན་ལེན་གྱི་དུས་ཚད་དམ་ཡང་ན་གཏན་འཁེལ་གྱི་འཁོར་སྐྱོད་ལམ་ཚད་ནང་ཉམས་གསོའི་སྤུས་ཚད་ཀྱི་རྐྱེན་པས་ཉམས་གསོ་བྱས་པའི་འཕྲུལ་སྒུལ་འཁོར་རིགས་སྐྱོན་ཤོར་ཚེ་ཉམས་གསོ་བྱེད་མཁན་གྱིས་རིན་མེད་ཐོག་བཟོ་སྐྱོར་རྒྱག་དགོས། གྱོང་གུན་བཟོས་རིགས་ངེས་པར་དུ་སྐྱིན་ཚབ་འཇལ་དགོས། ཉམས་གསོ་བྱེད་མཁན་གྱིས་ཉིན་3ནང་ཚུན་དུ་ཉམས་གསོ་ཡག་པོ་མ་བྱས་པའི་དབང་གིས་འཕྲུལ་སྒུལ་འཁོར་རིགས་སྐྱོན་ཤོར་བ་མིན་པའི་འབྲེལ་ཡོད་དཔང་རྟགས་མཁོ་འདོན་བྱས་ཚེ་གོང་གསལ་འགན་འཁྲི་འཁུར་མི་དགོས།

    འཕྲུལ་སྒུལ་འཁོར་རིགས་ཉམས་གསོ་བྱེད་མཁན་གྱིས་གཤམ་གསལ་ལས་སྒོ་སྤེལ་མི་ཆོག་པ་སྟེ།

    (གཅིག)མཁོ་མེད་དུ་བཏང་བའི་འཕྲུལ་སྒུལ་འཁོར་རིགས་ཉམས་གསོ་བྱེད་པ་དང་།

    (གཉིས)འཕྲུལ་སྒུལ་འཁོར་རིགས་རང་དགར་སྒྲིག་སྦྱོར་བྱེད་སྐྱོར་རྒྱག་པ།

    (གསུམ)ལྷུ་ལག་བེད་སྤྱད་ནས་འཕྲུལ་སྒུལ་འཁོར་རིགས་སྒྲིག་སྦྱོར་བྱེད་པ།

    (བཞི)རྫུན་ལྷད་སྤུས་ཞན་གྱི་ལྷུ་ལག་བེད་སྤྱོད་གཏོང་བ།

    (ལྔ)ལུགས་དང་མི་མཐུན་པའི་བྱ་ཐབས་སྤྱད་དེ་འཕྲུལ་སྒུལ་འཁོར་རིགས་ཀྱི་ཉམས་གསོའི་ལས་སྒོ་རག་ཐབས་བྱེད་པ།

    (དྲུག)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་བཀག་སྡོམ་བྱས་པའི་བྱ་སྤྱོད་གཞན་དག་བཅས་སོ།

    དོན་ཚན་སོ་དགུ་པ། འཕྲུལ་སྒུལ་འཁོར་རིགས་ཉམས་གསོ་བྱེད་མཁན་གྱིས་ལྷུ་ལག་ཐོ་འགོད་ཀྱི་ཐོ་དེབ་བཟོས་ནས་ལྷུ་ལག་གི་མིང་དང་། མཁོ་འཚོང་བྱེད་མཁན་གྱི་མིང་དང་གནས་ཡུལ། བཟོ་མཁན་ཁེ་ལས་ཀྱི་མིང་དང་གནས་ཡུལ། ཅ་ལག་འཐེན་པའི་དུས་ཚོད་སོགས་ཐོ་འགོད་དགོས།

    འཕྲུལ་སྒུལ་འཁོར་རིགས་ཉམས་གསོ་བྱེད་མཁན་གྱིས་མཁོ་འདོན་བྱས་པའི་ལྷུ་ལག་ལ་ཐོག་མའི་བཟོ་གྲྭའི་ལྷུ་ལག་དང་ཞོར་གཏོཌ་བཟོ་གྲྭའི་ལྷུ་ལག ཡང་ན་ཉམས་གསོ་བྱས་པའི་ལྷུ་ལག་བཅས་གང་ཡིན་གསལ་པོར་བཀོད་ནས་སྤྱོད་མཁན་ལ་གདམ་ག་བྱེད་དུ་འཇུག་དགོས།

    དོན་ཚན་བཞི་བཅུ་པ། འཕྲུལ་སྒུལ་འཁོར་རིགས་ཉམས་གསོ་བྱེད་མཁན་གྱིས་ངེས་པར་དུ་ཉམས་གསོའི་ལག་རྩལ་དང་བཟོ་རྩལ་གྱི་ཚད་གཞི་ལྟར་འཕྲུལ་སྒུལ་འཁོར་རིགས་ཉམས་གསོ་བྱེད་དགོས་པ་དང་འཕྲུལ་སྒུལ་འཁོར་རིགས་ཉམས་གསོ་བྱེད་པའི་དུས་ཡུན་དང་སྣ་རེའི་གོང་ཚད་ཡོངས་བསྒྲགས་བྱེད་དགོས་པ་མ་ཟད། འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ལ་སྙན་ཐོ་དཔོད་དགོས།

    འཕྲུལ་སྒུལ་འཁོར་རིགས་ཉམས་གསོ་བྱེད་མཁན་གྱིས་བརྗེ་པོ་བརྒྱབ་པའི་ཕན་མེད་ལྷུ་ལག་དང་འཕྲུལ་འཁོར་ཧྲིལ་པོ་ངེས་པར་དུ་ཐོ་འགོད་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅོད་བྱེད་དགོས།

    དོན་ཚན་ཞེ་གཅིག་པ། འཕྲུལ་སྒུལ་འཁོར་རིགས་ཀྱི་ཉམས་གསོ་ཆེ་རིགས་དང་། འཕྲུལ་འཁོར་ཧྲིལ་པོར་ཉམས་བཟོ། རིམ་པ་གཉིས་པའི་བདག་སྐྱོང་བྱས་ཚར་བ་བཅས་ཡིན་ན་ངེས་པར་དུ་འཕྲུལ་སྒུལ་འཁོར་རིགས་ཀྱི་ནུས་པར་ཞིབ་དཔྱད་བྱེད་དགོས་པ་མ་ཟད། འཕྲུལ་སྒུལ་འཁོར་རིགས་ཉམས་གསོ་བྱེད་མཁན་གྱིས་ཉམས་གསོ་དང་ཞིབ་དཔྱད་བྱས་པའི་ཡིག་ཚགས་བཟོ་དགོས་པ་མ་ཟད། ཡིག་ཚགས་དཔྱད་ཡིག་ཉུང་མཐར་ཡང་ལོ་གཉིས་ཉར་ཚགས་བྱེད་དགོས། ཞིབ་དཔྱད་བྱས་ཏེ་ཚད་གཞི་མ་ལོན་པའི་མོ་ཊའི་རིགས་བཟོ་གྲྭ་ནས་དོན་མི་ཆོག

    དོན་ཚན་ཞེ་གཉིས་པ། འཕྲུལ་སྒུལ་འཁོར་རིགས་ཀྱི་བྱེད་ནུས་ཞིབ་དཔྱད་ས་ཚུགས་ཀྱིས་ཞིབ་དཔྱད་བྱེད་སྐབས་ངེས་པར་དུ་རྒྱལ་ཁབ་དང་ལས་རིགས་ཀྱི་འབྲེལ་ཡོད་ལག་རྩལ་ཚད་གཞི་དང་ཆ་ཚད་ལག་ལེན་བསྟར་དགོས་པ་དང་ཞིབ་དཔྱད་བྱས་པའི་འཛིན་ཡིག་ཇི་མ་ཇི་བཞིན་འདོན་དགོས་པ་མ་ཟད། ཞིབ་དཔྱད་བྱས་འབྲས་ལ་འགན་འཁུར་དགོས་པ་ལས་འགྲོ་གྲོན་བསྡུ་ཆེད་བསྐྱར་ཟློས་ཞིབ་བཤེར་བྱེད་མི་ཆོག

    དོན་ཚན་ཞེ་གསུམ་པ། འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་སྦྱོང་བརྡར་སློབ་གྲྭ་དེ་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ཀྱིས་ཐོ་འགོད་དོ་དམ་བྱེད་རྒྱུ།

    དོན་ཚན་ཞེ་བཞི་པ། འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་སྦྱོང་བརྡར་ལས་སྒོ་གཉེར་མཁན་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ལག་རྩལ་གྱི་ཚད་གཞི་དང་སློབ་ཁྲིད་ཀྱི་རྩ་འཛིན་གཞིར་བཟུང་སྦྱོང་བརྡར་སྤྲོས་དགོས་པ་དང་། སློབ་ཁྲིད་ཉིན་ཐོ་དང་སྦྱོར་བརྡར་སྤྲས་ཐོ་ཇི་མ་ཇི་བཞིན་འབྲི་དགོས།

    རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ཀྱིས་སྦྱོར་བརྡར་ནང་ཞུགས་མཁན་ལ་ཞིབ་དཔྱད་བྱས་ནས་ཚད་གཞི་ལོན་པར་སློབ་མཇུག་སྒྲིལ་བའི་ལག་ཁྱེར་གཅིག་གྱུར་གྱིས་པར་འདེབས་བཟོ་སྒྲིག་བྱས་ནས་སྤྲོད་རྒྱུ།

    སྤྱི་བདེ་ལས་ཁུངས་གྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ངེས་པར་དུ་འཕྲལ་མར་རྒྱུགས་ལེན་སྒྲིག་འཛུགས་དང་ལག་ཁྱེར་སྤྲོད་དགོས། རྒྱུགས་ལེན་དང་ལག་ཁྱེར་སྤྲོད་རྒྱུ་དེ་ཟོག་གོང་སྡེ་ཚན་གྱིས་ཞིབ་གཏན་འཁེལ་བའི་མ་གནས་བཟོ་རིན་ཕུད། འགྲོ་གྲོན་གཞན་དག་གང་ཡང་བསྡུ་མི་ཆོག

    དོན་ཚན་ཞེ་ལྔ་པ། འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་སྦྱོང་བརྡར་ལས་སྒོ་གཉེར་མཁན་གྱིས་ངེས་པར་དུ་འཕྲུལ་སྒུལ་འཁོར་རིགས་ཀྱི་དགེ་རྒན་དང་སྦྱོང་བརྡར་ཚད་གཞི་ལོན་མཁན་གྱི་ཡིག་ཚགས་ཆ་ཚང་པོ་བཟོ་དགོས། འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་སྦྱོང་བརྡར་ལས་སྒོ་གཉེར་མཁན་དང་སློབ་ཁྲིད་བྱེད་མཁན་གྱིས་སློབ་སྦྱོང་གི་མོ་ཊ་མ་ཡིན་པ་སྤྱད་དེ་ཁ་ལོ་བར་སྦྱོང་བརྡར་སྤྲོས་སུ་འཇུག་མི་ཆོག

    དོན་ཚན་ཞེ་དྲུག་པ། རྒྱལ་ཁབ་ཀྱི་ལས་ཁུངས་གང་རུང་དང་དེ་བཞིན་ཁ་ལོ་བའི་སྦྱོང་བརྡར་དང་རྒྱུགས་ལེན་མཁན་གཙོ་འགན་སྡེ་ཚན་གྱིས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་སྦྱོང་བརྡར་ལས་སྒོའི་ནང་ཞུགས་མི་ཆོག་པའམ་ཡང་ན་རྣམ་པ་འགྱུར་བའི་ཐོག་ནས་ཞུགས་མི་ཆོག

    ལེའུ་དྲུག་པ། ལས་གཉེར་གཞན་དག

    དོན་ཚན་ཞེ་བདུན་པ། རྒྱལ་སྤྱིའི་རྒྱ་ལམ་སྐྱེལ་འདྲེན་གྱི་ལས་གཉེར་བྱེད་མཁན་ལ་ངེས་པར་དུ་རྒྱལ་སྤྱིའི་ཐོག་གི་མོ་ཊ་གཏོང་ཆོག་པའི་འཁྲོལ་འཛིན་ཡོད་དགོས་པ་མ་ཟད། ཕྱོགས་གཉིས་དང་ཕྱོགས་མང་གི་སྐྱེལ་འདྲེན་གྲོས་མཐུན་ལ་སྲུང་བརྩི་ཞུ་དགོས། སྐྱེལ་འདྲེན་མོ་ཊའི་མངོན་གསལ་དོད་སར་ངེས་པར་དུ་རང་སོ་སོའི་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ངོས་འཛིན་མཚོན་རྟགས་ཁ་གསལ་འགོད་དགོས།

    དོན་ཚན་ཞེ་བརྒྱད་པ། མོ་ཊ་བོགས་གཏོང་གི་ལས་གཉེར་བྱེད་མཁན་གྱིས་ངེས་པར་དུ་རང་ཁོངས་མོ་ཊར་བོགས་གཏོང་ལས་གཉེར་གྱི་འགྲོ་ལུགས་གཉེར་དགོས་པ་དང་། བོགས་གཏོང་ལས་གཉེར་གྱི་འགྲོ་ལུགས་གཉེར་མེད་པའི་མོ་ཊའི་རིགས་བོགས་གཏོང་བྱེད་མི་ཆོག

    མོ་ཊ་བོགས་གཏོང་གི་ལས་གཉེར་བྱེད་མཁན་གྱིས་ངེས་པར་དུ་བོགས་མ་ལེན་མཁན་དང་བོགས་གཏོང་ལས་གཉེར་གྱི་གན་རྒྱ་བཞག་སྟེ་འཕྲུལ་ཆས་བྱེད་ནུས་བཟང་བ་དང་འགྲོ་ལུགས་ཆ་ཚང་བའི་མོ་ཊ་གཏོང་དགོས་ཤིང་། ཁ་ལོ་བའི་ངལ་ལས་ཞབས་ཞུ་དང་། འགྲུལ་པའམ་ཡང་ན་དངོས་ཟོག་སྐྱེལ་འདྲེན་བྱེད་པ་སོགས་ཀྱི་ཐོག་ནས་རྒྱ་ལམ་སྐྱེལ་འདྲེན་བྱེད་མི་ཆོག

    དོན་ཚན་ཞེ་དགུ་པ། ཚོང་སྒྱུར་མོ་ཊ་འགྲེམས་གཏོང་བྱེད་མཁན་གྱིས་ངེས་པར་དུ་དོས་བདག་དང་འཁོར་རིགས་ལག་སྤྲོད་ཀྱི་ཞབས་ཞུའི་གན་རྒྱ་བཞག་ནས་དུས་ཐོག་དང་སྐྱོན་མེད་ངང་སྐྱེལ་ཐུབ་པ་བྱེད་དགོས། ཚོང་སྒྱུར་མོ་ཊས་རྒྱ་ལམ་སྐྱེལ་འདྲེན་གྱི་ལས་གཉེར་བྱེད་མི་ཆོག

    དོན་ཚན་ལྔ་བཅུ་པ། དབོར་སྐྱེལ་འདོན་འཇུག་ལས་གཉེར་བྱེད་མཁན་གྱིས་ངེས་པར་དུ་བདེ་འཇགས་བཀོལ་སྤྱོད་ཀྱི་སྒྲིག་སྲོལ་ལ་སྲུང་བརྩི་ཞུས་ཏེ་ཞིབ་གཏན་འཁེལ་བའི་ཁྱབ་ཁོངས་ནང་ལས་ཀ་བྱེད་དགོས་པ་ལས་བཙན་ཤེད་ངང་དབོར་སྐྱེལ་འདོན་འཇུག་བྱེད་མི་ཆོག དབོར་སྐྱེལ་འདོན་འཇུག་བྱས་པའི་རྐྱེན་གྱིས་དངོས་ཟོག་སྐྱོན་ཤོར་བ་དང་ཆད་ལུས་བྱུང་ཚེ་ངེས་པར་དུ་སྐྱིན་ཚབ་འཇལ་འགན་འཁུར་དགོས།

    དངོས་ཟོག་སྐྱེལ་འདྲེན་ཚབ་སྒྲུབ་དང་། འགྲུལ་སྐྱེལ་ཚབ་གཉེར། མཉམ་འབྲེལ་གྱི་སྐྱེལ་འདྲེན་ཞབས་ཞུ་བཅས་ཀྱི་ལས་གཉེར་བྱེད་མཁན་གྱིས་ངེས་པར་དུ་བདག་སྤྲོད་བྱས་པའི་སྐྱེལ་འདྲེན་ལས་སྒོ་དེ་ཁྲིམས་མཐུན་ཐོབ་ཐང་ཡོད་པའི་སྐྱེལ་འདྲེན་ལས་གཉེར་བྱེད་མཁན་ལ་སྐྱེལ་འདྲེན་བྱེད་འགན་འཁུར་དུ་འཇུག་དགོས། སྐྱེལ་འདྲེན་ཆོག་འཐུས་འགྲོ་ལུགས་སྒྲུབ་དགོས་ངེས་ཡིན་ཡང་མ་བསྒྲུབས་པའི་ཚབ་སྒྲུབ་ལས་སྒོའི་རིགས་འཁུར་ལེན་བྱེད་མི་ཆོག

    དངོས་ཟོག་མཛོད་ཉར་བདག་སྡོམ་བྱེད་མཁན་གྱིས་ངེས་པར་དུ་དངོས་ཟོག་གི་ངོ་བོ་དང་། སྣ་རིགས། ཉར་ཚགས་ཆ་རྐྱེན། གོ་ཆོད་དུས་ཚད་བཅས་གཞིར་བཟུང་དངོས་ཟོག་རིགས་དབྱེ་ཉར་འཇོག་བྱས་ཏེ་ཆ་ཚང་སྐྱོན་མེད་ཡོང་བའི་འགན་ལེན་བྱེད་དགོས།

    སྐྱེལ་འདྲེན་ཆ་འཕྲིན་གཉེར་མཁན་གྱིས་ངེས་པར་དུ་ཞབས་འདེགས་ཞུ་ཡུལ་ལ་ཡང་དག་པའི་སྒོ་ནས་ཆ་འཕྲིན་ཇི་མ་ཇི་བཞིན་མཁོ་འདོན་བྱེད་དགོས། ཆ་འཕྲིན་མཁོ་འདོན་བྱེད་ནོར་ཤོར་ནས་མོ་ཊ་སྟོང་རྒྱུག་བྱེད་དགོས་བྱུང་བའམ་ཡང་ན་དངོས་ཟོག་ནར་ལུས་ཐེབས་རིགས་ཁ་ཆད་གཞིར་བཟུང་སྐྱིན་ཚབ་འཇལ་འགན་འཁུར་དགོས།

    དངོས་ཟོག་གཏོང་འགྲེམས་ལས་གཉེར་བྱེད་མཁན་གྱིས་ངེས་པར་དུ་མོ་ཊའི་ཐེག་ཚད་དང་ཆེ་ཆུང་ལ་དཔགས་པའི་དངོས་ཟོག་གཏོང་འགྲེམས་བྱེད་དགོས་པ་ལས་ཚད་བརྒལ་གྱི་གཏོང་འགྲེམས་བྱེད་མི་ཆོག

    ལེའུ་བདུན་པ། ལྟ་སྐུལ་ཞིབ་བཤེར།

    དོན་ཚན་ང་གཅིག་པ། འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་རྒྱ་ལམ་སྐྱེལ་འདྲེན་དང་དེ་བཞིན་འབྲེལ་ཡོད་ལས་སྒོ་གཉེར་མཁན་གྱི་རྒྱ་ལམ་སྐྱེལ་འདྲེན་ལས་གཉེར་བྱ་སྤྱོད་དང་། མོ་ཊའི་ལག་རྩལ་སོགས་ཀྱི་གནས་ཚུལ་ལ་ཁྲིམས་ལུགས་གཞིར་བཟུང་ལྟ་སྐུལ་ཞིབ་བཤེར་བྱས་ནས་རྒྱ་ལམ་སྐྱེལ་འདྲེན་ལས་གཉེར་བྱེད་མཁན་དང་། འགྲུལ་པ། དངོས་ཟོག་གི་དོ་བདག དེ་བཞིན་ཞབས་འདེགས་ཞུ་ཡུལ་གཞན་དག་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་དང་ཁྲིམས་འགལ་གྱི་ལས་གཉེར་བྱ་སྤྱོད་རིགས་ཞིབ་བཤེར་ཐག་གཅོད་དང་ཡོ་བསྲང་བྱེད་དགོས།

    རྒྱ་ལམ་སྐྱེལ་འདྲེན་དང་དེ་བཞིན་འབྲེལ་ཡོད་ལས་སྒོ་གཉེར་མཁན་གྱིས་ངེས་པར་དུ་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྲིད་འཛིན་ཁྲིམས་སྒྱུར་པའི་ལྟ་སྐུལ་ཞིབ་བཤེར་དང་ལེན་བྱེད་དགོས་ལ། གནས་ཚུལ་ཇི་མ་ཇི་བཞིན་ཞུ་དགོས་པ་ལས་ལྟ་སྐུལ་ཞིབ་བཤེར་དང་ལེན་མི་བྱེད་པ་དང་འགོག་རྐྱེན་བཟོ་རིགས་བྱེད་མི་ཆོག

    དོན་ཚན་ང་གཉིས་པ། འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་འགག་སྒོ་གནས་སའི་རྒྱལ་སྤྱིའི་རྒྱ་ལམ་སྐྱེལ་འདྲེན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ་དང་། འགག་སྒོ་དོ་དམ་སྡེ་ཚན་གཞན་དག་དང་མཉམ་དུ་ཞིབ་བཤེར་བྱེད་པ་དང་མཐུན་སྦྱོར་གཞོགས་འདོགས་བྱེད་དགོས།

    དོན་ཚན་ང་གསུམ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ནས་སྐབས་འཕྲལ་ཆད་གཅོད་གཏན་འབེབས་བྱེད་མི་ཐུབ་པའམ་ཡང་ན་ལས་གཉེར་བྱེད་མཁན་གྱིས་ས་གནས་ས་ཐོག་གི་ཆད་གཅོད་གཏན་འབེབས་དང་ལེན་མ་བྱས་པ་གང་ཞིག་གནས་ཚུལ་ཐོན་རྗེས་སུའང་ཐག་གཅོད་བྱེད་ཁག་པོ་ཆགས་པར་འགྲིམ་འགྲུལ་སྲིད་འཛིན་ཁྲིམས་སྒྱུར་ལས་ཁུངས་ཀྱིས་མོ་ཊ་འགྲོ་སྐྱོད་བྱེད་མཚམས་འཇོག་ཏུ་བཅུག་ནས་ཐག་གཅོད་དང་ལེན་བྱས་རྗེས་གཞི་ནས་བཏང་ཆོག མོ་ཊ་འགྲོ་སྐྱོད་བྱེད་མཚམས་བཞག་པ་རྣམས་ངེས་པར་དུ་ལས་ཀའི་ཉིན་གྲངས་3ནང་ཐག་གཅོད་གང་བྱེད་གཏན་འཁེལ་བྱེད་དགོས། དོ་བདག་གིས་ཟླ་གསུམ་ནང་ལུགས་མཐུན་གྱི་རྒྱུ་མཚན་མེད་པར་ཐག་གཅོད་ཀྱི་གཏན་འབེབས་ལག་བསྟར་མ་བྱས་ཚེ་འགྲིམ་འགྲུལ་སྲིད་འཛིན་ཁྲིམས་སྒྱུར་ལས་ཁུངས་ཀྱིས་མི་དམངས་ཁྲིམས་ཁང་ལ་བཙན་ཤེད་ཀྱིས་ལག་བསྟར་བྱེད་དུ་འཇུག་རྒྱུའི་རེ་བ་འདོན་ཆོག

    དོན་ཚན་ང་བཞི་པ། འགྲིམ་འགྲུལ་སྲིད་འཛིན་ཁྲིམས་སྒྱུར་པས་ངེས་པར་དུ་དུས་བཀག་ཐོག་བཅའ་ཁྲིམས་ཁྲིམས་སྲོལ་དང་། ལས་རིགས་ཀུན་སྤྱོད། ལས་སྒོའི་ཤེས་བྱ་བཅས་ཀྱི་སྦྱོང་བརྡར་དང་དཔྱད་ཞིབ་དང་ལེན་བྱེད་དགོས། དཔྱད་ཞིབ་ཚད་མ་ལོན་ན་ལས་ཞུགས་ཁྲིམས་སྒྱུར་བྱེད་མི་ཆོག

    འགྲིམ་འགྲུལ་སྲིད་འཛིན་ཁྲིམས་སྒྱུར་པས་གཞུང་དོན་སྒྲུབ་སྐབས་ངེས་པར་དུ་མི་གཉིས་ཡན་ཡོད་དགོས་པ་དང་གྱོན་ཆས་གཅིག་གྱུར་གྱོན་དགོས་པའི་ཁར་ལས་རྟགས་འདོགས་དགོས་པ་མ་ཟད། སྲིད་འཛིན་ཁྲིམས་སྒྱུར་ལག་ཁྱེར་འདོན་དགོས།

    གོང་འཁོད་ནང་གསེས་ཀྱི་གཏན་འབེབས་ལས་འགལ་ཚེ་རྒྱ་ལམ་སྐྱེལ་འདྲེན་དང་འབྲེལ་ཡོད་ལས་སྒོ་གཉེར་མཁན་གྱིས་ཞིབ་བཤེར་དང་ལེན་མི་བྱེད་པའི་དབང་ཆ་ཡོད།

    དོན་ཚན་ང་ལྔ་པ། རྒྱ་ལམ་སྐྱེལ་འདྲེན་ལྟ་སྐུལ་ཞིབ་བཤེར་གྱི་ཆེད་སྤྱོད་མོ་ཊར་ངེས་པར་དུ་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་ཆེད་སྤྱོད་མཚོན་རྟགས་དང་ཉེན་བརྡའི་གློག་སྒྲོན་བསྒར་སྒྲིག་བྱེད་དགོས།

    དོན་ཚན་ང་དྲུག་པ། འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་ལས་སྒྲུབ་ལམ་ལུགས་དང་། རིན་བསྡུའི་རྣམ་གྲངས། རིན་བསྡུའི་ཚད་གཞི་བཅས་ཡོངས་བསྒྲགས་བྱས་ཏེ་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས།

    འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་དང་དེའི་སྲིད་འཛིན་ཁྲིམས་སྒྱུར་པས་ངེས་པར་དུ་འགན་ཁོངས་དབང་ཚད་དང་གོ་རིམ་དམ་ནན་བཟུང་ནས་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་པ་ལས་རྒྱ་ལམ་སྐྱེལ་འདྲེན་དང་འབྲེལ་བ་མེད་པའི་ནང་དོན་ལྟ་སྐུལ་ཞིབ་བཤེར་གྱི་རྣམ་གྲངས་ལ་བརྩི་མི་ཆོག་པ་དང་། རྒྱ་ལམ་སྐྱེལ་འདྲེན་དང་འབྲེལ་ཡོད་ལས་སྒོ་གཉེར་བའི་ནང་ཞུགས་པའམ་ཡང་ན་རྣམ་པ་འགྱུར་བའི་ཐོག་ནས་ཞུགས་མི་ཆོག

    དོན་ཚན་ང་བདུན་པ། འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་གཞུང་དོན་སྒྲུབ་སར་རྒྱ་ལམ་སྐྱེལ་འདྲེན་དང་དེ་བཞིན་འབྲེལ་ཡོད་ལས་སྒོ་གཉེར་རྒྱུའི་འཛུལ་ཞུགས་རེ་ཞུའི་ཆ་རྐྱེན་དང་། གོ་རིམ། ཕུལ་བའི་དཔྱད་ཡིག་བཅས་ཡོངས་བསྒྲགས་བྱེད་དགོས་པ་དང་། དུས་ཚིགས་རེར་སྐྱེལ་འདྲེན་འགྲོ་ལམ་གྱི་ཁྱབ་བཀོད་དང་འདྲེན་ཤུགས་མང་ཉུང་དང་། འགྲུལ་པ་དང་དངོས་ཟོག་འདྲེན་ཕྱོགས་གཙོ་བོ་དང་འདྲེན་འབོར་བཅས་ཀྱི་གནས་ཚུལ་དུས་བཀག་ཐོག་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་དགོས།

    དོན་ཚན་ང་བརྒྱད་པ། འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་རྒྱ་ལམ་སྐྱེལ་འདྲེན་དང་དེ་བཞིན་འབྲེལ་ཡོད་ལས་སྒོ་གཉེར་མཁན་གྱི་མོ་ཊ་དང་། ཉམས་གསོ། ཞིབ་དཔྱད་ཚད་ལེན་སོགས་སྤྱི་པའི་བདེ་འཇགས་དང་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་སྒྲིག་ཆས་དང་སྒྲིག་བཀོད་ལ་ལོ་འཁོར་ཞིབ་བཤེར་ཚད་ལེན་དང་། དེ་བཞིན་ཞབས་ཞུའི་ནང་དོན་དང་། ཞབས་ཞུའི་སྤུས་ཚད། ལས་གཉེར་བྱ་སྤྱོད་བཅས་ལ་ལོ་འཁོར་དཔྱད་ཞིབ་བྱེད་དགོས་པ་མ་ཟད། སྤྱི་ཚོགས་ཐོག་ལོ་འཁོར་ཞིབ་བཤེར་ཚད་ལེན་དང་དཔྱད་ཞིབ་བྱས་འབྲས་ཀྱང་ཁྱབ་བསྒྲགས་བྱེད་དགོས།

    རྒྱ་ལམ་སྐྱེལ་འདྲེན་དང་དེ་བཞིན་འབྲེལ་ཡོད་ལས་སྒོ་གཉེར་མཁན་གྱིས་ལོ་འཁོར་ཞིབ་བཤེར་ཚད་ལེན་དང་དཔྱད་ཞིབ་མ་བྱས་པའམ་ཡང་ན་ཞིབ་བཤེར་ཚད་ལེན་དང་དཔྱད་ཞིབ་ཚད་གཞི་མ་ལོན་ཚེ་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་དུས་བཀག་ཐོག་ཡོ་བསྲང་བྱེད་དུ་འཇུག་དགོས་པ་དང་། ཡོ་བསྲང་བྱས་ཀྱང་ཚད་གཞི་མ་ལོན་ན་མུ་མཐུད་རྒྱ་ལམ་སྐྱེལ་འདྲེན་དང་དེ་བཞིན་འབྲེལ་ཡོད་ལས་སྒོ་གཉེར་མི་ཆོག རྒྱ་ལམ་སྐྱེལ་འདྲེན་ལས་གཉེར་བྱེད་མཁན་གྱིས་ལོ་2བསྟུད་མར་ལོ་འཁོར་གྱི་ཞིབ་བཤེར་ཚད་ལེན་དང་དཔྱད་ཞིབ་ནང་མ་ཞུགས་ཚེ་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་དེའི་རྒྱ་ལམ་སྐྱེལ་འདྲེན་ལག་ཁྱེར་རམ་ཡང་ན་རྒྱ་ལམ་སྐྱེལ་འདྲེན་གྱི་ལས་གཉེར་འཁྲོལ་འཛིན་མེད་པ་བཟོ་དགོས།

    ལེའུ་བརྒྱད་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    དོན་ཚན་ང་དགུ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་གཤམ་གསལ་བྱ་སྤྱོད་གྲས་ཤིག་ཡོད་རིགས་ལ་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། ཐ་ཚིག་སྒྲོག་རྒྱུའམ་ཡང་ན་སྒོར་20ཡན་ནས་སྒོར་100མན་གྱི་དངུལ་ཆད་འགེལ་ཆོག་པ་སྟེ།

    (གཅིག)རྒྱ་ལམ་སྐྱེལ་འདྲེན་དང་དེ་བཞིན་འབྲེལ་ཡོད་ལས་སྒོ་གཉེར་མཁན་གྱིས་ལག་ཁྱེར་མ་བཏགས་པར་ལས་ཀ་བྱས་པ་དང་།

    (གཉིས)འགྲུལ་སྐྱེལ་མོ་ཊའི་ཐོག་གཏན་འབེབས་གཞིར་བཟུང་ཚན་པའི་མིང་དང་ལྟ་སྐུལ་ཁ་པར་བཀོད་མེད་པ།

    (གསུམ)གཏན་འབེབས་གཞིར་བཟུང་བསྡོམས་རྩིས་སྙན་ཞུའི་རེའུ་མིག་མ་བསྐྱལ་བ་བཅས་སོ།

    དོན་ཚན་དྲུག་ཅུ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་གཤམ་གསལ་བྱེད་སྤྱོད་གྲས་ཤིག་ཡོད་ཚེ་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་སྦྲགས་སྒོར་500ཡན་ནས་སྒོར་1000མན་གྱི་དངུལ་ཆད་འགེལ་རྒྱུ་དང་། གནས་ཚུལ་ཚབས་ཆེ་རིགས་ལ་རྒྱ་ལམ་སྐྱེལ་འདྲེན་ལག་ཁྱེར་ཉིན་5ནང་ཚུན་དུ་བཀག་ཉར་བྱེད་དགོས་པ་སྟེ།

    (གཅིག)འགྲུལ་སྐྱེལ་རྒྱུན་བཙུགས་མོ་ཊས་རང་དགར་རྒྱུན་བཙུགས་འགྲོ་ལམ་ཐོག་སྐྱེལ་འདྲེན་བྱེད་མཚམས་གནས་སྐབས་འཇོག་པའམ་ཡང་ན་འབབ་ཚུགས་མིན་པའི་ས་ནས་འགྲུལ་པ་བླུགས་པ་དང་།

    (གཉིས)གཏན་འབེབས་གཞིར་བཟུང་མོ་ཊའི་འགྲོ་ལམ་མམ་ཡང་ན་སྐྱེལ་འདྲེན་གྱི་མཚོན་རྟགས་མ་བཀལ་བ།

    (གསུམ)བོགས་གཏོང་མོ་ཊས་རྐང་བཙུགས་ནས་ལམ་བསྐོར་བ་དང་། ས་ཆ་གཞན་དུ་བསྡད་དེ་ལས་གཉེར་བྱེད་པ། འགྲུལ་པ་མ་བླུགས་པའམ་ཡང་ན་བོགས་གཏོང་མོ་ཊ་གླ་མཁན་གྱི་མོས་མཐུན་མ་ཐོབ་པར་མི་གཞན་བླུགས་པ།

    (བཞི)འགྲུལ་སྐྱེལ་གླ་འཁོར་གྱིས་གླ་འཁོར་གྱི་འགྲོ་ལུགས་བསྒྲུབས་མེད་པ་དང་ཁེར་བགྲོད་འགྲུལ་པ་སྐྱེལ་འདྲེན་བྱས་པའམ་ཡང་ན་ས་ཆ་གཞན་དུ་ལས་གཉེར་བྱས་པ།

    (ལྔ)ཡུལ་སྐོར་འགྲུལ་སྐྱེལ་མོ་ཊས་ཡུལ་སྐོར་བ་མིན་པ་བླུགས་པ་དང་སྐྱེལ་འདྲེན་བྱས་པའམ་ཡང་ན་ལམ་རྒྱུད་ནས་འགྲུལ་པ་བླུགས་པ།

    (དྲུག)རྒྱ་ལམ་སྐྱེལ་འདྲེན་ལས་གཉེར་གྱི་འོས་ཐོབ་ལག་ཁྱེར་མ་རག་པར་རྒྱ་ལམ་སྐྱེལ་འདྲེན་གྱི་འབྲེལ་ཡོད་ལས་སྒོ་གཉེར་བ།

    (བདུན)སྐྱེལ་འདྲེན་མོ་ཊའི་ཁ་ལོ་བར་ཡོད་པའི་རྒྱ་ལམ་སྐྱེལ་འདྲེན་ལས་གཉེར་གྱི་འོས་ཐོབ་ལག་ཁྱེར་དང་དེས་བཏང་བའི་མོ་ཊའི་བཟོ་རྟགས་གཅིག་མཚུངས་མིན་པ།

    (བརྒྱད)འགྲུལ་སྐྱེལ་གྱི་རྒྱུན་བཙུགས་མོ་ཊ་དང་འགྲོ་ལམ་གཏན་འཁེལ་གྱི་ཡུལ་སྐོར་མོ་ཊས་རྒྱུ་མཚན་ལུགས་མཐུན་མེད་པར་དུས་ཐོག་ཏུ་མོ་ཊ་མ་བཏང་བ།

    (དགུ)འགྲུལ་སྐྱེལ་འབབ་ཚུགས་སམ་ཡང་ན་འགྲུལ་སྐྱེལ་ལས་གཉེར་པས་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ནས་རྩོད་གཞི་ཐག་གཅོད་བྱས་པའི་གཏན་འབེབས་ལག་ལེན་མ་བསྟར་བ།

    (བཅུ)རྒྱ་ལམ་སྐྱེལ་འདྲེན་དང་དེ་བཞིན་འབྲེལ་ཡོད་ལས་སྒོ་གཉེར་མཁན་གྱིས་གཏན་འབེབས་ལྟར་ཞབས་ཞུ་མ་བསྒྲུབས་པ་བཅས་སོ།

    དོན་ཚན་རེ་གཅིག་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་གཤམ་གསལ་བྱེད་སྤྱོད་གྲས་ཤིག་ཡོད་ཚེ་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་སྦྲགས་སྒོར་1000ཡན་ནས་སྒོར་2000མན་གྱི་དངུལ་ཆད་འགེལ་རྒྱུ། གནས་ཚུལ་ཚབས་ཆེ་རིགས་ལ་རྒྱ་ལམ་སྐྱེལ་འདྲེན་ལས་གཉེར་འཁྲོལ་འཛིན་ཉིན་10ནང་ཚུན་བཀག་ཉར་བྱེད་རྒྱུ་སྟེ།

    (གཅིག)ལས་གཉེར་བྱེད་སྒོའི་ནང་གཏན་འཁེལ་བྱས་པའི་ལས་གཉེར་གྱི་ཆ་རྐྱེན་འཛོམས་མེད་ཀྱང་སྔར་བཞིན་ལས་གཉེར་བྱེད་པ་དང་།

    (གཉིས)བཀའ་འཁྲོལ་དོན་གནད་འགྱུར་ལྡོག་གཏོང་བ་དང་ལས་གཉེར་མཚམས་འཇོག་བྱེད་དགོས་རིགས་གཏན་འབེབས་གཞིར་བཟུང་འབྲེལ་ཡོད་འགྲོ་ལུགས་མི་བསྒྲུབ་པ།

    (གསུམ)ལས་སྒྲུབ་འོས་ཐོབ་ལག་ཁྱེར་དང་མི་འཚམ་པའི་མི་སྣ་གདན་ཞུ་བྱས་ནས་རྒྱ་ལམ་སྐྱེལ་འདྲེན་དང་འབྲེལ་ཡོད་ལས་སྒོ་གཉེར་བ།

    (བཞི)གཏན་འབེབས་གཞིར་བཟུང་ལོ་འཁོར་ཞིབ་བཤེར་ཚད་ལེན་དང་དཔྱད་ཞིབ་དང་ལེན་མི་བྱེད་པ།

    (ལྔ)འཕྲུལ་སྒུལ་འཁོར་རིགས་ཉམས་གསོ་བྱེད་མཁན་གྱིས་མོ་ཊ་བཟོ་འདོན་གྱི་སྤུས་ཚད་འགན་ལེན་གྱི་ཡུན་ཚད་ལམ་ལུགས་ལག་ལེན་མི་བསྟར་བ་དང་ཉམས་གསོ་བྱས་པའི་མོ་ཊར་གཏན་འབེབས་ལྟར་བཟོ་འདོན་ཚད་ལོན་ལག་ཁྱེར་མི་སྤྲོད་པ།

    (དྲུག)གཏན་འབེབས་ལྟར་མོ་ཊ་ཉམས་གསོ་མི་བྱེད་པ།

    (བདུན)ཉམས་གསོ་དང་། ཞིབ་དཔྱད་ཚད་ལེན། ཁ་ལོ་བར་སྦྱོང་བརྡར་སྤྲོས་རྒྱུའམ་ཡང་ན་མོ་ཊའི་ལག་རྩལ་བཅས་གཏན་འབེབས་གཞིར་བཟུང་ཡིག་ཚགས་མི་བཟོ་བ།

    (བརྒྱད)འབབ་ཚུགས(བྱེད་གནས)ཀྱི་ལས་གཉེར་པས་གཏན་འཁེལ་མི་གྲངས་ལས་བརྒལ་ནས་སྤ་སེ་འཚོང་བའམ་ཡང་ན་མོ་ཊའི་ཐེག་ཚད་དང་ཤོང་ཚད་ལས་བརྒལ་ནས་དངོས་ཟོག་འགྲེམས་གཏོང་བྱེད་པ།

    (དགུ)ཞབས་འདེགས་ཞུ་ཡུལ་ལ་གོ་ཆོད་འཛིན་ཤོག་དང་དུས་རྩིས་དཔང་ཡིག་གཞན་དག་མི་སྤྲོད་པ།

    (བཅུ)འགྲུལ་སྐྱེལ་འབབ་ཚུགས་ཀྱི་ལས་གཉེར་བྱེད་མཁན་གྱིས་སྲོལ་ཡིག་འདིའི་དོན་ཚན་སོ་དྲུག་པའི་ནང་གསེས་གཉིས་པའི་གཏན་འབེབས་ལས་འགལ་བ་བཅས་སོ།

    དོན་ཚན་རེ་གཉིས་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་གཤམ་གསལ་བྱེད་སྤྱོད་གྲས་ཤིག་ཡོད་ཚེ་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་སྦྲགས་སྒོར་2000ཡན་ནས་སྒོར་3000མན་གྱི་དངུལ་ཆད་འགེལ་རྒྱུ། གནས་ཚུལ་ཚབས་ཆེ་རིགས་ལ་རྒྱ་ལམ་སྐྱེལ་འདྲེན་གྱི་ལས་གཉེར་འཁྲོལ་འཛིན་ཉིན་15ནང་ཚུན་བཀག་ཉར་བྱེད་རྒྱུའམ་ཡང་ན་ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་དུ་འཇུག་རྒྱུ་སྟེ།

    (གཅིག)རྒྱ་ལམ་སྐྱེལ་འདྲེན་མོ་ཊས་གོ་མི་ཆོད་པའི་རྒྱ་ལམ་སྐྱེལ་འདྲེན་གྱི་ལག་ཁྱེར་སྤྱོད་པའམ་ཡང་ན་ལས་མཚམས་འཇོག་རྒྱུའི་སྙན་སེང་ཞུས་རྗེས་སྔར་བཞིན་ལས་གཉེར་བྱེད་པ་དང་།

    (གཉིས)འགྲུལ་སྐྱེལ་ལས་གཉེར་བྱེད་མཁན་གྱིས་རྒྱལ་ཁབ་ཀྱི་ལས་གཉེར་ཚད་གཞིའི་དགོས་འདུན་ནམ་ཡང་ན་འོས་དཔོད་ཁས་ལེན་བྱས་པའི་ཞབས་ཞུའི་སྤུས་ཚད་གཞིར་བཟུང་ཞབས་ཞུ་མི་བསྒྲུབ་པ།

    (གསུམ)འགྲུལ་སྐྱེལ་སྤ་སེ་འཚོང་ས་དང་མོ་ཊ་ཐོན་ས་གང་བྱུང་འཛུགས་པ།

    (བཞི)འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་འབབ་ཚུགས(བྱེད་གནས)ཀྱི་ལས་གཉེར་པས་འབབ་ཚུགས་ནང་འཛུལ་བའི་སྐྱེལ་འདྲེན་མོ་ཊའི་གཏོང་ཐེངས་བཀོད་སྒྲིག་བྱེད་རྒྱུ་དང་། སྤ་སེ་འཚོང་རྒྱུ། མོ་ཊ་གཏོང་རྒྱུའམ་ཡང་ན་དངོས་ཟོག་ཁུངས་སྒྲིག་དང་གཏོང་འགྲེམས་བྱེད་རྒྱུ་བཅས་ཐད་དྲང་གཞག་མི་བྱེད་པ།

    (ལྔ)མོ་ཊའི་འཕྲུལ་ཆས་ཀྱི་རིམ་པའི་ཚད་གཞི་མ་ལོན་པའམ་ཡང་ན་ཞིབ་དཔྱད་ཚད་ལེན་གྱི་ཚད་གཞི་མ་ལོན་པའི་མོ་ཊ་བཏང་ནས་རྒྱ་ལམ་སྐྱེལ་འདྲེན་གྱི་ལས་གཉེར་བྱེད་པ།

    (དྲུག)འགྲུལ་སྐྱེལ་ལས་གཉེར་པས་འབབ་ཚུགས་བཀག་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་རྒྱ་ལམ་སྐྱེལ་འདྲེན་ཁྲོམ་རའི་སྒྲིག་ལམ་ལ་གནོད་སྐྱེལ་བ།

    (བདུན)འགྲུལ་པ་དང་དངོས་ཟོག་དབོར་མི་ཐུབ་པར་ཕུང་གསོག་མང་པོ་ཐེབས་ནས་འཕྲལ་མྱུར་ཁ་འགྲེམས་དགོས་ཀྱང་སྐྱེལ་འདྲེན་ལས་གཉེར་བྱེད་མཁན་གྱི་མོ་ཊས་གཅིག་གྱུར་གྱི་བཀོད་པར་མི་ཉན་པ།

    (བརྒྱད)སྐྱེལ་འདྲེན་ཚད་བཀག་བཟོས་པའི་དངོས་ཟོག་དང་འཁྲོལ་འཛིན་འཁྱེར་ནས་སྐྱེལ་འདྲེན་བྱེད་དགོས་པའི་དངོས་ཟོག་གཏན་འབེབས་ལྟར་སྐྱེལ་འདྲེན་མི་བྱེད་པ།

    (དགུ)ཟོག་ཁུངས་བཀག་སྡོམ་དང་སྒེར་སྡོམ་བྱེད་པ་བཅས་སོ།

    དོན་ཚན་རེ་གསུམ་པ། སྲོལ་ཡིག་འདི་ལས་འགལ་བའི་གཤམ་གསལ་བྱེད་སྤྱོད་གྲས་ཤིག་ཡོད་ཚེ་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ཀྱིས་ཁྲིམས་འགལ་ལས་གཉེར་བྱེད་མཚམས་འཇོག་ཏུ་འཇུག་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་ཡོད་རིགས་གཞུང་བཞེས་གཏོང་རྒྱུ། ཁྲིམས་འགལ་གྱི་ལག་ཁྱེར་ཡོད་ན་ཡར་བསྡུ་རྒྱུ་དང་སྦྲགས་སྒོར་3000ཡན་ནས་སྒོར་5000མན་གྱི་དངུལ་ཆད་འགེལ་རྒྱུ། གནས་ཚུལ་ཚབས་ཆེ་རིགས། རྒྱ་ལམ་སྐྱེལ་འདྲེན་གྱི་ལག་ཁྱེར་རམ་ཡང་ན་རྒྱ་ལམ་སྐྱེལ་འདྲེན་གྱི་ལས་གཉེར་འཁྲོལ་འཛིན་མེད་པ་བཟོ་རྒྱུ་སྟེ།

    (གཅིག)རྒྱལ་ཁབ་ཀྱིས་འགྲུལ་པ་བླུག་མི་ཆོག་པ་བཟོས་པའི་མོ་ཊའི་རིགས་བཏང་ནས་འགྲུལ་པ་བླུག་པ་དང་སྐྱེལ་བ་དང་།

    (གཉིས)རྒྱ་ལམ་སྐྱེལ་འདྲེན་ལས་གཉེར་གྱི་འཁྲོལ་འཛིན་ནང་ཞིབ་གཏན་འཁེལ་བའི་ལས་གཉེར་ཁྱབ་ཁོངས་དང་། སྣ་རིགས། རྣམ་གྲངས། ས་ཁོངས། བྱེད་གནས་བཅས་ལས་བརྒལ་ནས་རྒྱ་ལམ་སྐྱེལ་འདྲེན་དང་འབྲེལ་ཡོད་ལས་སྒོ་གཉེར་བ།

    (གསུམ)རྒྱ་ལམ་སྐྱེལ་འདྲེན་གྱི་ལས་གཉེར་འཁྲོལ་འཛིན་དང་། རྒྱ་ལམ་སྐྱེལ་འདྲེན་ལག་ཁྱེར། རྒྱ་ལམ་སྐྱེལ་འདྲེན་མཚོན་རྟགས། འགྲོ་ལམ་མཚོན་རྟགས། དེ་བཞིན་རྒྱ་ལམ་སྐྱེལ་འདྲེན་འཛིན་ཤོག་བཅས་བཟོ་བཅོས་རྒྱག་པ་དང་། རྫུན་མ་བཟོ་བ། ནང་བཤུག་གཏོང་བ། བོགས་མར་གཏོང་བ་བཅས་ཀྱི་རིགས།

    (བཞི)སློབ་ཁྲིད་འཆར་གཞི་དང་རྩ་འཛིན་གཞིར་མི་བཟུང་བར་ཁ་ལོ་བར་སྦྱོང་བརྡར་སྤྲོས་པ་དང་སྦྱོང་བརྡར་མཇུག་འགྲིལ་ལག་ཁྱེར་གང་བྱུང་དུ་སྤྲོད་པ།

    (ལྔ)མགོ་སྐོར་དང་། འཇིགས་སྐུལ། གཏུམ་སྤྱོད་སོགས་ཀྱི་བྱ་ཐབས་སྤྱད་དེ་འགྲུལ་པ་དང་དངོས་ཟོག་རག་ཐབས་བྱེད་པ་དང་འགྲུལ་པར་བཙན་ཤེད་བྱས་ནས་མོ་ཊའི་ནང་འཛུལ་དུ་འཇུག་པ་དང་ལམ་བར་ནས་འབབ་ཏུ་འཇུག་པའམ་ཡང་ན་རིན་གོང་སྤོར་བ།

    (དྲུག)ཉེན་ཅན་དངོས་ཟོག་སྐྱེལ་འདྲེན་གྱི་ཆ་རྐྱེན་མ་འཛོམས་པའི་མོ་ཊ་བཏང་སྟེ་ཉེན་ཅན་དངོས་ཟོག་སྐྱེལ་འདྲེན་བྱེད་པ།

    (བདུན)མཁོ་མེད་དུ་བཏང་བ་དང་། ཆ་བསྡུ་ཡ་བསྡུ་བྱས་པ། རང་དགར་སྒྲིག་སྦྱོར་བྱས་པ་བཅས་ཀྱི་མོ་ཊ་བཏང་ནས་རྒྱ་ལམ་སྐྱེལ་འདྲེན་གྱི་ལས་གཉེར་བྱེད་པ།

    (བརྒྱད) འཕྲུལ་སྒུལ་འཁོར་རིགས་ཀྱི་ནུས་པ་ཞིབ་དཔྱད་ས་ཚིགས་ཀྱིས་རྒྱལ་ཁབ་དང་ལས་རིགས་ཀྱི་ཚད་གཞིར་མི་བསྟུན་པར་ཞིབ་དཔྱད་ཚད་ལེན་བྱེད་པའམ་ཡང་ན་ཞིབ་དཔྱད་ཚད་ལེན་བྱས་འབྲས་ཀྱི་དཔང་ཡིག་ཇི་མ་ཇི་བཞིན་མི་འདོན་པ།

    (དགུ)མོ་ཊ་བོགས་གཏོང་བྱེད་མཁན་གྱིས་ཁ་ལོ་བའི་ཞབས་ཞུ་སྒྲུབ་པ་དང་། འགྲུལ་པའམ་ཡང་ན་དངོས་ཟོག་སྐྱེལ་འདྲེན་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་རྒྱ་ལམ་སྐྱེལ་འདྲེན་གྱི་ལས་གཉེར་བྱེད་པ་བཅས་སོ།

    དོན་ཚན་རེ་བཞི་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་ཆོག་མཆན་མ་ཐོབ་པར་རང་འཚམ་གྱིས་བོགས་གཏོང་མོ་ཊའི་འགྲུལ་པ་སྐྱེལ་འདྲེན་བྱས་པར་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ཀྱིས་ལས་མཚམས་འཇོག་ཏུ་འཇུག་རྒྱུ་དང་ཁྲིམས་འགལ་གྱི་ཐོབ་ཆ་ཡོད་རིགས་གཞུང་བཞེས་གཏོང་རྒྱུ་མ་ཟད། ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་2ཡན་ནས་ལྡབ་6མན་གྱི་དངུལ་ཆད་འགེལ་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་མེད་པའམ་ཡང་ན་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་1ལོན་མེད་ན། སྒོར་ཁྲི་1ཡན་ནས་སྒོར་ཁྲི་3མན་གྱི་དངུལ་ཆད་འགེལ་རྒྱུ།

    དོན་ཚན་རེ་ལྔ་པ། འགྲིམ་འགྲུལ་སྲིད་འཛིན་ཁྲིམས་སྒྱུར་ལས་ཁུངས་ཀྱིས་ཁྲིམས་ལྟར་སྲིད་འཛིན་ཆད་གཅོད་ཀྱི་གཏན་འབེབས་བྱས་ཚེ་ངེས་པར་དུ་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་གཙོ་འགན་སྡེ་ཚན་ནས་པར་བཟོ་བྱས་པའི་ཁྲིམས་འགལ་བྱ་སྤྱོད་ཀྱི་བརྡ་ཐོ་དང་། ཆད་གཅོད་གཏན་འབེབས་ཡི་གེ དེ་བཞིན་རང་སྐྱོང་ལྗོངས་ནོར་སྲིད་སྡེ་ཚན་གྱིས་གཅིག་གྱུར་པར་བཟོ་བྱས་པའི་ཆད་གཅོད་དང་གཞུང་བཞེས་བཏང་བའི་བྱུང་འཛིན་བཅས་འདོན་དགོས།

    དོན་ཚན་རེ་དྲུག་པ། དོ་བདག་གིས་འགྲིམ་འགྲུལ་སྲིད་འཛིན་ཁྲིམས་སྒྱུར་ལས་ཁུངས་ནས་སྲིད་འཛིན་ཆད་གཅོད་བྱེད་རྒྱུའི་གཏན་འབེབས་ལ་ཡིད་རང་མ་བྱུང་ཚེ། ཁྲིམས་ལུགས་ལྟར་སྲིད་འཛིན་བསྐྱར་ཞིབ་ཡོང་རེ་ཞུ་བའམ་ཡང་ན་སྲིད་འཛིན་ཞུ་གཏུག་བྱས་ཆོག དུས་ཚད་ལས་བརྒལ་ཡང་སྲིད་འཛིན་བསྐྱར་ཞིབ་ཡོང་རེ་མ་ཞུས་པ་དང་སྲིད་འཛིན་གཏུག་བཤེར་མ་བྱས་ཁར་ཆད་གཅོད་གཏན་འབེབས་ཀྱང་ལག་ལེན་མ་བསྟར་ན། འགྲིམ་འགྲུལ་སྲིད་འཛིན་ཁྲིམས་སྒྱུར་ལས་ཁུངས་ཀྱིས་མི་དམངས་ཁྲིམས་ཁང་ལ་བཙན་ཤེད་ཀྱིས་ལག་བསྟར་བྱེད་རེ་ཞུ་ཆོག

    དོན་ཚན་རེ་བདུན་པ། འགྲིམ་འགྲུལ་སྲིད་འཛིན་ཁྲིམས་སྒྱུར་ལས་ཁུངས་དང་དེའི་སྲིད་འཛིན་ཁྲིམས་སྒྱུར་པར་སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་གཤམ་གསལ་བྱེད་སྤྱོད་གྲས་ཤིག་ཡོད་ཚེ་རང་གནས་སའི་ཚན་པའམ་ཡང་ན་གོང་རིམ་གཙོ་འགན་སྡེ་ཚན་གྱིས་འགན་འཁྲི་ཡོད་པའི་གཙོ་འགན་མི་སྣ་དང་ཐད་ཀའི་འགན་འཁྲི་ཡོད་མཁན་གཞན་དག་ལ་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་དོགས་གཞི་ཡོད་རིགས་ཁྲིམས་འཛིན་ལས་ཁུངས་ལ་སྐྱེལ་སྤྲོད་བྱེད་རྒྱུ་སྟེ།

    (གཅིག)འགྲོ་སྐྱོད་བྱེད་མཚམས་བཞག་པའི་མོ་ཊ་བེད་སྤྱོད་བྱེད་པ་དང་།

    (གཉིས)གཏན་འབེབས་ལྟར་སྤྱི་ཚོགས་ཐོག་རྒྱ་ལམ་སྐྱེལ་འདྲེན་གྱི་ལས་གཉེར་དང་དེ་བཞིན་འབྲེལ་ཡོད་ལས་སྒོ་གཉེར་བའི་ཆ་རྐྱེན་དང་གོ་རིམ་ཁྱབ་བསྒྲགས་མི་བྱེད་པ།

    (གསུམ)གཏན་འབེབས་ལྟར་སྤྱི་ཚོགས་ཐོག་ལས་སྒྲུབ་ལམ་ལུགས་དང་དེ་བཞིན་རིན་བསྡུའི་རྣམ་གྲངས་དང་ཚད་གཞི་ཡོངས་བསྒྲགས་མི་བྱེད་པ།

    (བཞི)འགྲོ་གྲོན་བསྡུ་བ་དང་དངུལ་ཆད་འགེལ་བར་ཁྲིམས་བཅད་འཛིན་ཤོག་བེད་སྤྱོད་མི་གཏོང་བ།

    (ལྔ)རང་འགན་ཟོལ་འཇོག་དང་། འགན་དབང་གང་བྱུང་དུ་སྤྱོད་པ་དང་ཉེར་དགའ་ཕྱོགས་ཞེན་བྱེད་པ།

    (དྲུག)ཁྲིམས་འགལ་གྱི་བྱེད་སྤྱོད་གཞན་དག་བཅས་སོ།

    ལེའུ་དགུ་པ། ཞར་བྱུང་།

    དོན་ཚན་རེ་བརྒྱད་པ། བོགས་གཏོང་མོ་ཊའི་འགྲུལ་སྐྱེལ་དོ་དམ་ཐད་རྒྱལ་ཁབ་ཀྱི་གཏན་འབེབས་གཞན་དག་ཡོད་ན། རྒྱལ་ཁབ་ཀྱི་གཏན་འབེབས་དེ་བཞིན་ལག་ལེན་བསྟར་དགོས།

    དོན་ཚན་རེ་དགུ་པ། སྲོལ་ཡིག་འདིར་བརྗོད་པའི་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ཞེས་པ་ནི་རྫོང་ནས་ཤང་བར་དང་། ཤང་ནས་ཤང་བར། ཤང་ནས་གྲོང་ཚོ་བར། གྲོང་ཚོ་ནས་གྲོང་ཚོའི་བར་བཅས་ཀྱི་རྒྱ་ལམ་འགྲུལ་པ་སྐྱེལ་འདྲེན་ལ་ཟེར་བ་ཡིན།

    བོགས་གཏོང་མོ་ཊའི་དངོས་ཟོག་སྐྱེལ་འདྲེན་ཞེས་པ་ནི་བོགས་གཏོང་མོ་ཊའི་མཚོན་རྟགས་བསྒར་བ་དང་ཐེག་ཚད་ཀྲོན་1མན་གྱི་དངོས་ཟོག་སྐྱེལ་འདྲེན་མོ་ཊ་ཆུང་གྲས་ལ་ཟེར་ཞིང་། དེ་ནི་དངོས་ཟོག་གི་བདག་པོས་གནས་སྐབས་གླས་ནས་སྤྱོད་པ་མ་ཟད། དུས་ཚོད་དང་། ལམ་ཚད། གཏན་འབེབས་ཀྱི་འགྲོ་གྲོན་ཚད་གཞི་བཅས་གཞིར་བཟུང་སྐྱེལ་འདྲེན་གྱི་འགྲོ་གྲོན་བསྡུ་བའི་རྒྱ་ལམ་དངོས་ཟོག་སྐྱེལ་འདྲེན་ཞིག་ཡིན།

    དོན་ཚན་བདུན་ཅུ་པ། སྲོལ་ཡིག་འདི་2000ལོའི་ཟླ་8ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།

    (རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུས་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།