དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པ་དང་མཉམ་དུ་གླེང་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-29

    ◆ མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས།

    ཚེས་27ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པ་དང་མཉམ་དུ་གླེང་མོལ་གནང་ཞིང་། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ཆབ་སྲིད་ཀྱི་གཤིས་སྤྱོད་ཞུན་བརྡར་གཏོང་བ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། འདི་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུའི་ལོ་ཞིག་རེད་ལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་འགོ་ཚུགས་པའི་ལོ་ཞིག་ཀྱང་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ལས་དོན་གྱི་སྤྱི་ཡོངས་ཀྱི་དགོས་མཁོ་ནས་འགོ་བཙུགས་ཏེ། དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”བླང་བྱ་གཞིར་བཟུང་། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ་དང་། གཞི་རིམ་གྱི་འཐབ་ས་དང་པོ་ནས་ལས་བྱེད་པ་ཤེས་རྟོགས་དང་། གསོ་སྐྱོང་། གདམ་གསེས། བཀོལ་སྤྱོད་བཅས་བྱེད་པ། རིམ་པ་ཁག་གི་འགོ་ཁྲིད་ཚན་ཁག་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་འགོ་ཁྲིད་ཚན་ཁག་གི་དམག་འཐབ་མཁར་རྫོང་དང་ཁྲིད་སྟོན་གྱི་ནུས་པ་འདོན་དགོས། རྒྱ་ཆེའི་འགོ་ཁྲིད་ལས་བྱེད་པས་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་སྟེ། རང་འགན་གཙང་སྒྲུབ་ཏན་ཏིག་དང་། གསར་འབྱེད་ཡར་བརྩོན་ཧུར་ཐག བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་མཐའ་གཅིག་ཏུ་དམིགས་སར་འཁྱོལ་བ་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ནས་བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་དགོས། ཆབ་སྲིད་ཀྱི་འཇོན་ཐང་ནི་དུས་རབས་གསར་པའི་འགོ་ཁྲིད་ལས་བྱེད་པའི་འཇོན་ཐང་དང་པོ་དེ་ཡིན་ཞིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་རང་རྟོགས་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། ཆབ་སྲིད་ཀྱི་ཕུགས་བསམ་བརྟན་པོར་འཛུགས་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བཅས་བྱས་ཏེ་ཆབ་སྲིད་ལ་བརྟེན་ནས་གནད་དོན་དབྱེ་ཞིབ་དང་ཐག་གཅོད་བྱེད་མཁས་པོ་བྱེད་པ་དང་། ཆབ་སྲིད་ཐད་ཀྱི་ཡིན་མིན་དབྱེ་འབྱེད་དང་། ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས། ཆབ་སྲིད་ཀྱི་དུས་བབ་སྟངས་འཛིན། ཆབ་སྲིད་ཀྱི་ཉེན་ཁ་འགོག་ཟོན་བཅས་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས།

    མི་དམངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་སྲིད་སྐྱོང་གི་བྱས་རྗེས་ལྟ་བ་ཡང་དག་བཙུགས་ནས་བློ་བརྟན་འགྱུར་མེད་ངང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལས་ཀའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་པ་དང་། ལས་སྒྲུབ་ལས་གཏོད་དང་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་རིན་ཐང་དོན་གཉེར་བྱ་གཞི་དང་པོར་བརྩི་བ། དངོས་སྒྲུབ་ལ་སྣང་ཆེན་དང་ཕན་འབྲས་དངོས་དོན་གཉེར་བྱ་རྒྱུ་དེ་སྲིད་དོན་བྱས་རྗེས་མངོན་འགྱུར་བྱེད་པའི་ཐབས་ལམ་གལ་ཆེན་དུ་བརྩི་བ་བཅས་བྱས་ནས“དམངས་ལ་བདེ་སྐྱིད་བསྐྲུན་པའི”བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་ཏན་ཏིག་གཏོང་དགོས། མི་དམངས་དང་ལངས་ཕྱོགས་གཅིག་མཚུངས་བརྟན་པོ་ཡོང་བ་དང་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་ཏུ་བཏང་སྟེ་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་དུ་བརྩིས་ནས་དམ་འཛིན་ནན་པོ་བྱེད་པ་དང་། དམངས་ཕྱུག་གི་ཐབས་ཇུས་མང་ཙམ་འདོན་པ་དང་། དམངས་ཕན་གྱི་བྱ་བ་མང་ཙམ་སྒྲུབ་པ། སེམས་ནུས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། “ལམ་གཉིས”ཀྱི་སྙིང་སྟོབས་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་བསྡུས་བྱེད་དགོས།

    སློབ་སྦྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་བཏང་ནས་རྒྱུན་ཆད་མེད་པར་ལས་ཀའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་བཏང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས། ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་ཡང་དག་པའི་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་པར་བྱས་ཏེ་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་ཏན་ཏིག་བྱེད་དགོས། ལས་སྒོའི་ཤེས་བྱ་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ལས་རིགས་གང་གཉེར་དེར་བརྩོན་ཞིབ་དང་། དེ་ཤེས་པར་བྱས་ནས་ལས་རིགས་དེ་དང་ཁྱབ་ཁོངས་དེར་རྒྱུས་མངའ་ཟབ་པའི་མི་ཞིག་ཏུ་ཧུར་ཐག་འགྱུར་བར་བྱེད་དགོས། རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་སོགས་ཀྱི་ཤེས་བྱ་སློབ་སྦྱོང་རྒྱ་ཁྱབ་བྱས་ནས་རང་ངོས་ཀྱི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། ཕྱོགས་བསྡུས་ཀྱི་བྱང་ཚད་རྒྱུན་མཐུད་མཐོ་རུ་བཏང་སྟེ་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་དང་དེ་བས་འཚམ་པར་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་བཏང་སྟེ་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བཅས་བྱས་ཏེ། ཏང་གི་ལོ་རྒྱུས་སྦྱོང་བ་དང་། གོ་རྟོགས་སད་པ། དོན་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས།

    འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་རང་འགན་ནན་སྒྲུབ་ཀྱིས་རང་འཁྲིའི་ལས་དོན་ཡག་པོ་བསྒྲུབས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས། འགོ་ཁྲིད་ལས་བྱེད་པས“འགག་རྩའི་ཉུང་ཤས”ཀྱི་ནུས་པ་ཡག་པོ་འདོན་པ་དང“མིག་དཔེ་དྲུག”སྣེ་ཁྲིད་ནས་བྱེད་ཐུབ་པར་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་རིང་གི་གདོང་ལེན་དང་དཔེ་བཟང་བྱེད་དགོས།

    སྤྱོད་གཙང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་བསྲུངས་ནས་ཏང་དང་མི་དམངས་ཀྱིས་བློས་འགེལ་ཆོག་པའི་ལས་བྱེད་པ་བཟང་པོ་ཞིག་ཧུར་ཐག་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལ་བརྩི་སྲུང་ནན་པོ་ཞུས་ནས་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཅིག་གཏོད་དགོས། འགོ་ཁྲིད་ཀྱིས་སྣེ་ཁྲིད་དང་གོང་དཔེ་འོག་སྟོན་མཐའ་འཁྱོངས་བྱས་ཏེ་རང་ཉིད་ཀྱི་བྱ་སྤྱོད་བཟང་པོར་བརྟེན་ནས་རྒྱ་ཆེའི་ལས་བྱེད་ལས་བཟོ་ཚོར་ལས་སྒྲུབ་ལས་གཏོད་ལ་སྐུལ་ཁྲིད་བྱས་ཏེ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཁེ་ཕན་གཉེར་བ་དང་བདེ་སྐྱིད་བསྐྲུན་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།