དབུ་ཤོག>སྲིད་དོན།
  • ཁྲེན་ཡུང་ཆིས་གཞིས་རྩེ་གྲོང་ཁྱེར་གྱི་འབྲེལ་གཏུག་ས་ཚིགས་དང་རྫོང་དང་ཆུས་ཁག་གཅིག་ཏུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-28

    ཚེས་20ནས་23ཉིན་བར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་འབྲེལ་གཏུག་ས་ཚིགས་ཡིན་པའི་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་དང་། གཉའ་ལམ་རྫོང་། དིང་རི་རྫོང་། ལྷ་རྩེ་རྫོང་། དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་བཅས་སུ་ཕེབས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། མཐའ་བརྟན་མཐའ་དར་དམངས་ཕྱུག རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་ཚབ་ཞུས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་། རིམས་འགོག་འཐབ་ས་དང་པོའི་མི་སྣ། ལས་སྒྲུབ་དཔོན་དམག་བཅས་ལ་འཚམས་འདྲི་གནང་བ་རེད།

    གང་དུ་འབྱོར་ཡང་ཁྲེན་ཡུང་ཆིས་སྣེ་ཁྲིད་དེ་ཨང་རྟགས་བཤེར་བ་དང་ཚ་བ་ལྟ་བ་མ་ཟད། རིམས་འགོག་སྨན་ཁབ་རྒྱག་པ་དང་ཉིང་སྐྱུར་བརྟག་དཔྱད་ནུས་པ་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་ཡང་གནང་བ་རེད། འགྲམ་འགག་སྒོ་དང་གཉའ་ལམ་རྫོང་མི་དམངས་སྨན་ཁང་དུ། ཁོང་གིས་སྤྱིའི་ཐབས་ཇུས་དང་སྤྱིའི་མཛད་ཕྱོགས་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་ཀྱིས“རིམས་ནད་ཕྱི་ནས་མི་འགོ་བ་བྱ་རྒྱུ”དམ་འཛིན་ནན་པོ་དང་། རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་པོ། སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོའི་མི་སྣའི་ཉིང་སྐྱུར་བརྟག་དཔྱད་ཐེངས་གྲངས་མང་དུ་གཏོང་བ། རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་ཤུགས་སྣོན་རྒྱག་པ། རྫོང་ཁོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་ནུས་པ་ཆེ་རུ་གཏོང་བ། གནས་གཏན་འཁེལ་གྱི་སྨན་ཁང་དང་ལོགས་འཇོག་ཁུལ་དུ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། རིམས་འགོག་དངོས་ཟོག་གྲབས་གསོག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། རང་ལྗོངས་ཀྱི་ཐོབ་པར་དཀའ་བའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    གཞིས་རྩེ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་དང་། དིང་རི་གནམ་ཐང་། G318ལམ་ཐིག་གི་སྤུས་ཚད་མཐོར་གཏོང་སྒྱུར་བཀོད་ལས་གྲྭ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ། ཁྲེན་ཡུང་ཆིས་རྣམ་གྲངས་ཀྱི་འཕེལ་རིམ་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས“རྣམ་གྲངས་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་ཞིག་ཡིན་པ་དང་། འཕེལ་རྒྱས་ལ་དམ་འཛིན་བྱེད་པར་ངེས་པར་དུ་རྣམ་གྲངས་ལ་དམ་འཛིན་བྱེད་དགོས་པའི”འདུ་ཤེས་བརྟན་པོར་བཙུགས་ཏེ། རྣམ་གྲངས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ཨར་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ། མིག་མཐོང་ལག་ཟིན་གྱི་ལས་འབོར་སྔར་ལས་མང་བ་འགྲུབ་པའི་འགན་ལེན་བྱེད་པ། མ་འཇོག་གིས་དཔལ་འབྱོར་ལ་ཐོན་པའི་འགག་རྩའི་སྐུལ་འདེད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། གོ་སྐབས་དམ་འཛིན་བྱེད་པ། ལྕགས་ལམ་དང་། གཞུང་ལམ། གནམ་ཐང་། རྨང་གཞིའི་འཛུགས་སྐྲུན་གསར་པ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ། རྒྱལ་ཁབ་ཀྱི་མཐའ་སྲུང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད། དིང་རི་རྫོང་དབང་པོ་སྐྱོན་ཅན་གྱི་མི་རིགས་ལག་ཤེས་བཟོ་ལས་མཉམ་ལས་ཁང་དང་། ལྷ་རྩེ་རྫོང་ཡར་ཆུ་ཨར་ལས་རྒྱུ་ཆ་གསར་པའི་ཀུང་སི། བོད་ལྗོངས་ལྷ་སྤྲེལ་སྨན་རྫས་ལས་རིགས་སོགས་ཀྱི་ཁེ་ལས་སུ། ཁྲེན་ཡུང་ཆིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ཞིང་འབྲོག་ལས་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། གཞི་ཁྱོན་ཆེ་རུ་དང་གྲུབ་ཆ་ལེགས་སུ་གཏོང་བ་དང་། སྤུས་རྟགས་སྟོབས་ཆེར་དང་། སྤུས་ཚད་མཐོ་རུ། ཕན་འབྲས་ཆེ་རུ་བཅས་གཏོང་བ། མང་ཚོགས་ལ་ཕན་པ་ཐོབ་པའི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ། མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འབྲེལ་གཏུག་ས་ཚིགས་ཡིན་པའི་ས་སྐྱ་རྫོང་དགེ་སྡིངས་གྲོང་རྡལ་བདེ་སྐྱིད་གླིང་གྲོང་ཚོར། ཁྲེན་ཡུང་ཆིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དུད་ཚང་བློ་བཟང་དང་ཆོས་བཟང་དབང་རྒྱལ་གྱི་ཁྱིམ་དུ་ཕེབས་ཏེ། ཁྱིམ་ཚང་གི་ཡོང་འབབ་དང་བུ་ཕྲུག་སློབ་ཞུགས་དང་ལས་ཞུགས་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས་གནས་སྤོས་ཀྱི་རྗེས་མཐུད་རོགས་སྐྱོར་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས། ཡུལ་བབ་དང་བསྟུན་ནས་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ངལ་ནུས་ཕྱིར་གཏོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཞིང་འབྲོག་མང་ཚོགས་ལས་བརྩོན་ཕྱུག་འགྱུར་ཡོང་བར་ཁྲིད་སྟོན་དང་ལྕག་སྐུལ་བྱེད་དགོས་ཞེས་གསུངས་པ་རེད། ས་སྐྱ་དགོན་དུ། ཁོང་གིས“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་ནས་དགེ་འདུན་པ་ཚོར“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པར”ཁྲིད་སྟོན་བྱས་ཏེ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་། མེ་ཟོན་བདེ་འཇགས་དང་རིག་དངོས་སྲུང་སྐྱོབ་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་དགོན་སྡེ་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།