ཚེས་22ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་མཚོ་སྨད་གྲོང་ཚོ་དང་གདོང་དཀར་ཁྲོམ་གཞུང་བཀྲ་ཤིས་བདེ་གླིང་སྡེ་ཁུལ་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས། རིམ་པ་ཁག་དང་སྡེ་ཚན་ཁག་གིས“གཏན་འཁེལ་གཉིས”སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་པོ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། གཅིག་ཤེས་ཀུན་གྲོལ་ལ་ཤུགས་སྣོན། དཔྱད་ཞིབ་དཔྱད་དཔོག་གི་ཚུར་ལན་གནད་དོན་དུས་བཀག་ལྟར་སྤུས་ཚད་མཐོ་པོས་དག་ཐེར་དོན་འཁྱོལ་ཐུབ་པའི་འགན་ལེན་བཅས་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
དམར་གྲོང་རྡལ་མཚོ་སྨད་གྲོང་ཚོ་ནི་ལྷ་ས་གྲོང་ཁྱེར་གྱི་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོ་ཞིག་ཡིན་ཞིང་། ཀྲོང་ཡན་གྱིས། མཚོ་སྨད་གྲོང་ཚོས་དམིགས་ཚད་ལ་དམ་པོར་དམིགས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་ཡོང་བར་མུ་མཐུད་དམ་འཛིན་ཡག་པོ་དང་། འདྲ་བཟོ་དང་ཁྱབ་གདལ་རུང་བའི་ཉམས་མྱོང་འཚོལ་ཞིབ་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་བྱེད་པ་དེ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་འགན་ལེན་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།
བཀྲ་ཤིས་བདེ་གླིང་སྡེ་ཁུལ་ནི་འདམ་གཞུང་རྫོང་དང་སྟོད་ལུང་བདེ་ཆེན་ཆུས་ས་ཆ་གཉིས་ཀྱི་ཤང་དང་གྲོང་རྡལ་11གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་ཡིན་ཞིང་། གནས་སྤོས་དུད་ཚང་1170ཡི་མི་4641ཡོད་པ་དང་། དེ་ནི་ལྷ་ས་གྲོང་ཁྱེར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་ཆེ་ཤོས་དེ་རེད། སྡེ་ཁུལ་གྱི་ལས་བྱེད་པ་དང་བཞུགས་མོལ་གནང་སྐབས། ཀྲོང་ཡན་གྱིས། རིམ་པ་ཁག་དང་སྡེ་ཚན་ཁག་ལ་དངོས་སྒྲུབ་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། “མཚམས་མི་འཇོག་པ་བཞིའི”བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་ལས་དོན་ལ་སྟོང་ཆ་མི་ལུས་པ་དང་སྲིད་ཇུས་དོན་འཁྱོལ་ཏན་ཏིག་ཡོང་བའི་འགན་ལེན་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ། མང་ཚོགས་ཀྱི་དགོས་མཁོ་ཆེ་ཤོས་ཐག་གཅོད། བསམ་བློ་ཆབ་སྲིད་ཀྱི་ལས་དོན་བསྒྲུབ་རྒྱུ་དེ་མང་ཚོགས་ཀྱི་སེམས་དང་མཐུན་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་ཐུབ་པ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་གནང་བ་རེད།