དབུ་ཤོག>སྲིད་དོན།
  • བོད་ལྗོངས་ཀྱི་ནུས་རྒྱུ་མཁོ་སྤྲོད་འགན་ལེན་ཡག་པོ་བྱེད་པའི་ལས་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-23

    ཉེ་ཆར། རང་སྐྱོང་ལྗོངས་ཀྱིས་ནུས་རྒྱུ་མཁོ་སྤྲོད་འགན་ལེན་ཡག་པོ་བྱེད་པའི་ལས་དོན་བཀོད་སྒྲིག་ཚོགས་འདུ་དེ་བརྙན་ལམ་ཚོགས་འདུའི་རྣམ་པའི་ཐོག་ནས་ལྷ་སར་འཚོགས་པ་རེད། ཚོགས་འདུའི་ཐོག་ནུས་རྒྱུ་མཁོ་སྤྲོད་འགན་ལེན་བྱེད་པའི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རྒྱལ་ཡོངས་ཀྱི་དབྱར་དུས་ཀྱི་ནུས་རྒྱུ་མཁོ་སྤྲོད་འགན་ལེན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན(ནུས་རྒྱུ་ཅུས)གྱི་ནུས་རྒྱུ་མཁོ་སྤྲོད་འགན་ལེན་ལས་དོན་གྱི་སྙན་ཞུ་ཉན་པ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། གྲོང་ཁྱེར་དང་ས་གནས་ཁག་ཏུ་ཡན་ལག་ཚོགས་ར་བཙུགས་པ་རེད། ཆབ་མདོ་གྲོང་ཁྱེར་དང་། ནག་ཆུ་གྲོང་ཁྱེར། རྒྱལ་ཁབ་གློག་དྲ་བོད་ལྗོངས་ཀུང་སི། ཧྭ་ནེང་ཡར་གཙང་ཀུང་སི་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་ཚོགས་འདུར་གཏམ་བཤད་སྤེལ་བ་རེད།

    ཁྲེན་ཡུང་ཆིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་བཏང་ནས་ནུས་རྒྱུ་མཁོ་སྤྲོད་འགན་ལེན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་དང་ནུས་རྒྱུའི་ཁེ་ལས་ཁག་གིས་ནུས་རྒྱུའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། “ནད་ཡམས་སྔོན་འགོག་དང་། དཔལ་འབྱོར་བརྟན་པོ། འཕེལ་རྒྱས་བདེ་འཇགས་བཅས་ཡོང་བར་བྱེད་པའི”སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་རང་སྐྱོང་ལྗོངས་ཀྱི་འདི་ལོའི་དགུན་ཁ་དང་དུས་སང་གི་དཔྱིད་ཀ དེ་བཞིན“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་གློག་ཤུགས་མཁོ་སྤྲོད་འགན་ལེན་གྱི་ཇུས་གཞི་ལག་བསྟར་ཡག་པོ་བྱས་ཏེ། དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་དང་། རྒྱུན་མཐུད་འཕེལ་རྒྱས་བརྟན་པོ་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས། ས་གནས་ཁག་དང་སྡེ་ཚན་ཁག་གིས་བསམ་ཇུས་གཅིག་དང་སེམས་ནུས་ཡོད་རྒུས་ནུས་རྒྱུ་མཁོ་སྤྲོད་འགན་ལེན་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ། འཕེལ་སྒྱུར་ཨུ་ལྷན(ནུས་རྒྱུ་ཅུས)གྱིས་མཁོ་སྤྲོད་འགན་ལེན་གྱི་ཆེད་དོན་ཚན་ཁག་གི་ནུས་པ་གང་ལེགས་བཏོན་ནས་མཁོ་སྤྲོད་འགན་ལེན་གྱི་ཇུས་གཞི་ཞིབ་ཕྲ་བཟོ་བ་དང་། དབྱེ་ཞིབ་དང་ཞིབ་འཇུག་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། གྲོང་ཁྱེར་དང་ས་གནས་ཁག་དང་ནུས་རྒྱུ་མཁོ་སྤྲོད་འགན་ལེན་གྱི་འགན་འཁྲིའི་ཡི་གེ་འཇོག་དགོས། གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཁོངས་གཏོགས་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་མཁོ་སྤྲོད་འགན་ལེན་རྣམ་གྲངས་ལེགས་སྒྲིག་ལ་དམ་འཛིན་དང་། འཕྲལ་སྡོམ་སྔོན་ཇུས་དང་འབྲེལ་ཡོད་བྱེད་ཐབས་ཡག་པོ་བཟོས་ཏེ། ཁེ་ལས་ལ་དུས་བཀག་ལྟར་ཐོན་སྐྱེད་བྱེད་འགོ་ཚུགས་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིས་གློག་ཤུགས་བཀོད་གཏོང་དང་གློག་བརྟན་པོ་གཏོང་བའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས། གློག་གཏོང་ཁེ་ལས་ཀྱིས་གློག་མཁོ་གཏོང་ཕྱོགས་ཀྱི་བྱེད་པོའི་འགན་འཁྲི་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ནས། གློག་གཏོང་སྒྲིག་ཆས་དུས་ཐོག་ཏུ་སྤྱོད་འགོ་ཚུགས་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་ལ་ཤུགས་སྣོན། གློག་གཏོང་སྒྲིག་ཆས་བདེ་འཇགས་དང་འཁོར་སྐྱོད་བརྟན་པོ་ཐུབ་པའི་འགན་ལེན་བཅས་བྱེད་དགོས། དེ་མིན་སྡེ་ཚན་གྱིས་མཁོ་སྤྲོད་འགན་ལེན་གྱི་ལས་ཀའི་ཇུས་གཞིའི་འགན་འཁྲི་ཁག་བགོས་གཞིར་བཟུང་བྱ་ཐབས་ཁག་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ་ནུས་རྒྱུ་མཁོ་སྤྲོད་འགན་ལེན་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།