དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-21

    དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་སེམས་ནུས་ཡོད་རྒུས་ཞབས་ཞུ་དང་འགན་སྲུང་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་རང་ལྗོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས།

     ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚང་འཛོམས་ཚོགས་འདུ་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། དུས་བབ་གསར་པར་སྟངས་འཛིན་ཡང་དག་བྱེད་པ། གཙོ་གནད་ལས་འགན་ལ་དམིགས་པ། སེམས་ནུས་ཡོད་རྒུས་ཞབས་ཞུ་དང་འགན་སྲུང་བྱེད་པ། ལས་དོན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ། རང་ལྗོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ་བཅས་བྱས་ཏེ་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲོང་ཡན་དང་། ཀྲང་ཧུང་པོ། ཏུའུ་ཅན་ཀུང་། གོ་ཆིང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཚོགས་འདུའི་ཐོག་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་གྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུ་དང་འགན་སྲུང་འཆར་འགོད་དང་རང་སྐྱོང་ལྗོངས་དམག་ཞབས་ཐིམ་པའི་དམག་མིའི་གཅེས་སྐྱོང་ཐེབས་རྩ་ལྷན་ཚོགས་འཛུགས་པ་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་པ། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་གྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་བཅས་རེད།

    ཝང་ཅུན་ཀྲེང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་དུས་རབས་གསར་པའི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྡེ་ཚན་གྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ནུས་ཤུགས་གཅིག་སྒྲིལ་བཅས་བྱས་ནས། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཇུས་འགོད་དང་སྐུལ་འདེད་ཏན་ཏིག་བཏང་སྟེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་དམག་ཞབས་ཐིམ་པའི་དམག་མི་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། བོད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་བ་ཡོད། བོད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ནས་དུས་བབ་གསར་པ་དང་ལས་འགན་གསར་པས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ལ་བཏོན་པའི་བླང་བྱ་གསར་པར་སྟངས་འཛིན་གཏིང་ཟབ་བྱེད་པ་དང་། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་དེ་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ནང་རང་འགུལ་ངང་བཅུག་ནས་ཇུས་འགོད་དང་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་དགོས། བསམ་བློའི་འདུ་ཤེས་སྔར་བས་གསར་བརྗེ་དང་། བྱ་ཐབས་གསར་གཏོད། ལས་ཀའི་ཞན་ཆ་སེལ་བ། ལྷག་བསམ་ཟོལ་མེད་ཀྱིས་དམག་ཞབས་ཐིམ་པའི་དམག་མིར་ཞབས་ཞུ་དང་དོ་དམ་ཡག་པོ་བཅས་བྱས་ཏེ། དམག་ཞབས་ཐིམ་པའི་དམག་མིས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་བྱ་གཞག་ཁག་ནང་ཧུར་ཐག་ཞུགས་པར་སྐུལ་སློང་རྒྱ་ཁྱབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་སེམས་ནུས་ཡོད་རྒུས་ཞབས་ཞུ་དང་འགན་སྲུང་ཐད་ཤུགས་སྣོན་བརྒྱབ་སྟེ། དམག་ཞབས་ཐིམ་པའི་དམག་མི་དང་གཟིགས་སྐྱོང་བྱ་ཡུལ་ཉེ་འགྲམ་གྱི་དོན་ཆུང་རྣམས་རིམ་ཁག་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྡེ་ཚན་གྱི་དོན་ཆེན་ལ་བརྩིས་ནས་སྒྲུབ་དགོས་པ་དང་། བོད་སྡོད་དཔུང་སྡེའི་རྒྱ་ཆེའི་དཔོན་དམག་གི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་སེལ་རོགས་བྱས་ཏེ། དམག་ཞབས་ཐིམ་པའི་དམག་མི་རྣམས་སྤྱི་ཚོགས་ཡོངས་ཀྱིས་གུས་བཀུར་བྱེད་པའི་མི་ཞིག་དང་དམག་མི་དེ་སྤྱི་ཚོགས་ཡོངས་ཀྱིས་གོང་དུ་བཀུར་བའི་ལས་རིགས་ཤིག་ཏུ་འགྱུར་བར་བྱེད་དགོས། དམག་ཞབས་ཐིམ་པའི་དམག་མིའི་ནུས་པ་འདོན་སྤེལ་ཐད་ཤུགས་སྣོན་བརྒྱབ་སྟེ་སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། གསོ་སྐྱོང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྒྱབ་སྐྱོར་སྲིད་ཇུས་ཞིབ་འཇུག་བཅས་བྱས་ནས། དམག་ཞབས་ཐིམ་པའི་རྒྱ་ཆེའི་དམག་མིས“འཛུགས་གཏོད་བཞིར”ཞབས་འདེགས་ཞུ་རིང་བྱས་རྗེས་འཇོག་ཐུབ་པར་བྱེད་དགོས། གཉིས་བཀུར་ལས་དོན་གཏིང་ཟབ་སྤེལ་བར་ཤུགས་སྣོན་བརྒྱབ་ནས་བོད་སྡོད་དཔུང་སྡེ་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་དམག་དམངས་མཐུན་སྒྲིལ་གྱི་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་གོང་འཕེལ་གཏོང་དགོས། སྤྱི་ཚོགས་ཀྱིས་གོང་དུ་བཀུར་བའི་རྣམ་པ་ཟབ་མོ་གཏོད་པའི་ཐད་ཤུགས་སྣོན་བརྒྱབ་སྟེ་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་ལག་ལེན་གཏིང་ཟབ་ཏུ་གཏོང་བ་དང་། སྔོན་ཐོན་དཔེ་མཚོན་འདེམས་གཏོད་དང་གཟེངས་བསྟོད་བྱེད་པ། རྒྱུན་དུ་འཚམས་འདྲིའི་བྱེད་སྒོ་སྤེལ་བ། མི་དམངས་བུ་ཕྲུག་དམག་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པ། སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ནས“དམག་གིས་དམངས་ལ་ཞེན་པ། དམངས་ཀྱིས་དམག་ལ་བཀུར་བའི”སྲོལ་རྒྱུན་བཟང་པོ་གངས་ལྗོངས་ས་མཐོར་དུས་རབས་ཀྱི་བཀྲག་མདངས་འཚེར་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས། སྤྱི་འདོམས་མཐུན་སྦྱོར་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་དང་། འཁྲི་འགན་རང་འཁུར། ཕྱོགས་མང་ཐེ་ཞུགས་བཅས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། དམག་དམངས་མཉམ་འདྲེས་གཏིང་ཟབ་འཕེལ་རྒྱས་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།