ཚེས་16ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་སྲིད་གཞུང་གི་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལྟར། སྲིད་གཞུང་ཁོངས་གཏོགས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།
ཡན་ཅིན་ཧའེ་ཡིས་གསུངས་དོན། རིམ་ཁག་སྲིད་གཞུང་ཁོངས་གཏོགས་ཀྱིས་རིམས་ནད་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ཡག་པོ་བྱས་ཏེ། “རིམས་ནད་སྔོན་འགོག་དང་། དཔལ་འབྱོར་བརྟན་པོ། འཕེལ་རྒྱས་བདེ་འཇགས་བཅས་ཡོང་བར་བྱེད་དགོས་པའི”བླང་བྱ་དོན་འཁྱོལ་ཞིབ་ཕྲ་དང་ཏན་ཏིག་བྱས་ནས། “རྟག་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲི་འཁུར་སེམས་ལ་བརྟེན་ཏེ་རྒྱུན་རྣམ་ཅན་གྱི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས་ལ། དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་དང་བྱེད་ཐབས་སོགས་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་དགོས། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དེ་མིག་སྔའི་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་མུ་མཐུད་ནུས་ཤུགས་ཡོད་རྒུས་ལས་གནས་སྔོག་འདོན་དང་། བོད་སྐྱོར་ཐོན་ཁུངས་བེད་སྤྱོད་ཡག་པོ། ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས། “ཞིང་གསུམ”གྱི་ལས་དོན་ཡག་པོ་བསྒྲུབས་ནས་གཏན་འཇགས་ཀྱི་གཞི་རྩའི་ཞིང་ཁ་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་བསྲུངས་ནས། “ཞིང་འབྲོག་མང་ཚོགས་ཀྱི་རྣམ་པ་གསར་པ་གཏོད་པའི་བྱ་སྤྱོད”ཕྱོགས་ཡོངས་ནས་སྤེལ་དགོས། མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང“ཕན་འབྲས་བསྐལ་བརྒྱར་ཐོན་པའི་བྱ་གཞག་ཆེན་པོར”བརྩིས་ནས། ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་སོགས་ཀྱི་ལས་གྲྭར་སྐུལ་འདེད་ཏན་ཏིག་བཏང་སྟེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ་དང་། བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་བསྲུངས་ནས་མིག་སྔའི་ཆུ་རྒྱས་པའི་དུས་ཚིགས་ཀྱི་ཉེན་ཟོན་ཉེན་བརྡ་དང་སྔོན་འགོག་ཡག་པོ་བྱེད་དགོས་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་བཏང་ནས་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས།
ཡན་ཅིན་ཧའེ་ཡིས་གསུངས་དོན། དམངས་ཀྱི་དཀའ་གནད་སེལ་བ་དང་ཏང་དང་དཀའ་སྡུག་མཉམ་འཁུར་གྱི་ཆབ་སྲིད་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ། འབྱུང་རྩ་ནས་སྔོན་འགོག་དང་སྔོན་ཚུད་ནས་འདུམ་འགྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མང་ཚོགས་ཀྱི་ལུགས་མཐུན་རེ་འདུན་ཐག་གཅོད་དམིགས་ཚད་དུ་བྱས་ནས། “མང་ཚོགས་གོང་ཞུར་སླེབས་པ་ལས་བྱེད་པ་གཤམ་དུ་འདྲི་རྩད་ལ་བསྐྱོད་པ་དང་གཅིག་མཚུངས”ཡིག་འབུལ་ཞུ་བཅར་གྱི་ལས་ཀ་བྱེད་སྟངས་དོན་འཁྱོལ་བྱས་ཏེ། འགལ་ཟླ་དང་རྩོད་གཞི་ཆུང་ས་ནས་ཤེས་རྟོགས་དང་སྔ་ཙམ་ཐག་གཅོད་དང་། དོན་ཆུང་ནར་འགྱངས་ཤུགས་ཆེན་དང་དོན་ཆེན་ཆུང་ཙག་ཏུ་གཏོང་རིགས་སྔོན་འགོག་བྱས་ནས། ལས་དོན་སྒྲུབ་དུས་ཁྲིམས་གཞིར་འཛིན་པ་དང་། གནས་ཚུལ་འཕྲད་སྐབས་ཁྲིམས་འཚོལ་བ། གནད་དོན་ཐག་གཅོད་དུས་ཁྲིམས་ལ་བསྟུན་པ། འགལ་ཟླ་ཐུག་དུས་ཁྲིམས་བཞིན་སེལ་བ་བཅས་ཀྱི་ཁོར་ཡུག་བཟང་པོ་སྐྲུན་དགོས། ལྗོངས་ཡོངས་ཀྱི་སྤྱི་བདེ་ཁོངས་གཏོགས་ཀྱིས་སྲོལ་རྒྱུན་རྒྱུན་འཛིན་དང་ཡང་འབད་བསྐྱར་འབད་བྱས་ཏེ། ལྷག་བསམ་རྣམ་དག་གི་ཉེན་རྟོག་བླ་སྲོག་བརྟན་པོ་གཏོད་པ་དང་། དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་སྒྲུབ་པ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། སྤྱོད་ཚུལ་ལེགས་སུ་ཏན་ཏིག་གཏོང་བ། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས། ཆབ་སྲིད་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་ཉེན་རྟོག་པ་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་པ་དར་རྒྱས་དང་ཉེན་རྟོག་པ་ནན་སྐྱོང་བཅས་ལ་མུ་མཐུད་སྐུལ་འདེད་གཏོང་དགོས།
ཡན་ཅིན་ཧའེ་ཡིས་གསུངས་དོན། ཏང་དང་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ལས་དོན་གྱི་སྤྱི་ཡོངས་ལ་རང་འགུལ་ངང་ཞབས་འདེགས་ཞུས་ནས། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་ལས་དོན་ཁག་སྔར་བས་ཡག་པོ་བསྒྲུབས་ཏེ། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་གྲ་སྒྲིག་ཡག་པོ་བྱེད་དགོས་པ་དང་། སྤུས་ཚད་དེ་བས་མཐོ་བའི་དཔལ་འབྱོར་ཚོང་དོན་བྱེད་སྒོ་འཆར་འགོད་དང་། སྤུས་ཚད་དེ་བས་མཐོ་བའི་ཚོང་འགུགས་ཆ་རྐྱེན་མཁོ་འདོན། སྤུས་ཚད་དེ་བས་མཐོ་བའི་ཚོང་གཉེར་ཁོར་ཡུག་གཏོད་པ་བཅས་བྱས་ནས། འདུ་ཤེས་སྔོན་ཐོན་དང་། འབྲེལ་མཐུད་ཆ་ཚང་བ། སྐུལ་ཁྲིད་ཕན་འབྲས་མངོན་གསལ་དོད་པ་བཅས་ཀྱི་རྩེར་སོན་ཁེ་ལས་སྤུས་ལེགས་དེ་བས་མང་བ་བོད་དུ་མ་དངུལ་འཇོག་པ་དང་འཕེལ་རྒྱས་གཏོང་བར་ཡོང་བའི་ཡིད་དབང་འགུག་དགོས།