དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-18

    མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་དང་ལས་གཏོད་ལས་དོན་ལ་ཞིབ་འཇུག་བྱས་ནས་ཐབས་ལམ་མང་པོ་དང་རྒྱ་ཁྱབ་ངང་སྔར་བས་ལས་ཞུགས་ཐུབ་པ་བྱེད་དགོས།

     ཚེས་16ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་དང་ལས་གཏོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྲིད་ཇུས་བྱེད་ཐབས་འགའ་ཞིག་དང་། གློག་ཤུགས་མཁོ་འདོན་འགན་ལེན། གསོག་འཇོག་འབྲུ་རིགས་དོ་དམ་སོགས་ཀྱི་དོན་གནད་ལ་ཞིབ་འཇུག་བྱས་པ་རེད།

    《མཐོ་སློབ་ཀྱི་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་དང་ལས་གཏོད་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྲིད་ཇུས་བྱེད་ཐབས་འགའ་ཞིག》ལ་ཁྱོན་དོན་ཚན་བཅུ་ཡོད་ཅིང་། གཙོ་བོ་ཁེ་ལས་ཀྱིས་ལས་གནས་བརྟན་གཏོང་དང་ལས་གནས་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་དང་། ལྗོངས་ཕྱིར་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ། གཞི་རིམ་དུ་ལས་ཞུགས་བྱ་རྒྱུར་ལྕག་སྐུལ། རང་རྟེན་ལས་གཏོད་དང་བབ་བསྟུན་ལས་ཞུགས་ལ་རྒྱབ་སྐྱོར། གཞན་ཡང་དངོས་སྦྱོང་གཞི་ཁྱོན་ཆེ་རུ་གཏོང་བ་དང་། ལས་འཚོལ་ལས་ཞུགས་ཀྱི་འགྲོ་ལུགས་སྟབས་བདེ་རུ་གཏོང་བ། སློབ་ཐོན་ལས་ཀ་འཚོལ་ཡུལ་ཐོ་འགོད་ལམ་ལུགས་བཟོ་བ། ལས་ཞུགས་རོགས་སྐྱོར་བྱ་ཡུལ་གཙོ་བོར“མི་རེར་ཡིག་ཚགས་རེ”དང“མི་རེར་ཐབས་ཇུས་རེ”ཡི་གནད་སྨིན་ཞབས་ཞུ་མཁོ་འདོན་སོགས་ཀྱི་ཐད་ནས་མཐོ་སློབ་སློབ་ཐོན་སློབ་མར་དེ་མཚུངས་ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱ་རྒྱུ་ཚུད་ཡོད། ཚོགས་འདུའི་ཐོག་བསྟན་དོན། མཁོ་སྤྲོད་ཕྱོགས་ལ་དམིགས་ཏེ་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་ལས་གནས་བརྟན་གཏོང་དང་ལས་གནས་རྒྱ་སྐྱེད་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་ཁྲོམ་རའི་བྱེད་པོ་འགན་ལེན་བྱེད་པ། “ཚོགས་སྒྲིག་རྣམ་པའི”ལས་ཞུགས་སོགས་ཀྱི་གསར་གཏོད་བྱེད་སྟངས་ཁྱབ་གདལ་གཏོང་བ། མཐོ་སློབ་ཀྱི་སློབ་ཐོན་སློབ་མས་ཐབས་ལམ་མང་པོར་བརྟེན་ནས་ལས་ཞུགས་རྒྱ་ཁྱབ་ཐུབ་རྒྱུར་ཁྲིད་སྟོན་བྱེད་པ་བཅས་བྱེད་དགོས།དགོས་མཁོ་ཆེ་སར་དམིགས་ནས་ལས་ཞུགས་དང་ལས་གཏོད་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་དང་། མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་ལས་འཚོལ་གྱི་འགག་རྩའི་དུས་ཚིགས་དམ་འཛིན་བྱེད་པ། “མི་རེར་ཡིག་ཚགས་རེ”དང“མི་རེར་ཐབས་ཇུས་རེའི”གནད་སྨིན་ཞབས་ཞུ་མཁོ་འདོན་བྱེད་པ། ལས་ཞུགས་དང་ལས་གཏོད་ཀྱི་ཆ་འཕྲིན་ཡོངས་བསྒྲགས་དང་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། གནས་གཏན་འཁེལ་དང་གནད་སྨིན་ངང་ལས་གནས་ཀྱི་ཆ་འཕྲིན་མཁོ་འདོན་བྱེད་པ། “གཅིག་གཏད་གཅིག”གི་ཞབས་ཞུ་ཡག་པོ་སྒྲུབ་པ། ལས་ཀའི་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ལས་ཞུགས་དང་ལས་གཏོད་ཀྱི་ལས་དོན་དེ་རིམ་པ་ཁག་དང་སྡེ་ཚན་ཁག་གི་འདུ་འགོད་གཙོ་བོར་བརྩིས་ནས་མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི“འགག་སྒྲོལ་དམག་འཐབ”ཡག་པོ་རྒྱག་དགོས།

    ཚོགས་འདུའི་ཐོག རྒྱལ་ཡོངས་ཀྱི་གློག་སྤྱོད་ཚད་མཐོ་ཤོས་དང་ནུས་རྒྱུ་མཁོ་སྤྲོད་འགན་ལེན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། རང་ལྗོངས་ཀྱི་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀ་དང་དེ་བཞིན“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་གློག་ཤུགས་མཁོ་སྤྲོད་འགན་ལེན་གྱི་ཇུས་གཞི་དང་། འགག་གསུམ་བོད་ལྗོངས་མཚོ་སྨད་རྫོང་གྲི་གུ་50MWརླུང་ཤུགས་གློག་འདོན་རྣམ་གྲངས་ལ་ཞིབ་འཇུག་བྱས་པ་རེད། ཚོགས་འདུའི་ཐོག་ཇུས་གཞི་དོན་འཁྱོལ་བྱེད་མགྱོགས་སུ་བཏང་ནས་གསར་དུ་འཕར་བའི་གློག་ཁུངས་འཛུགས་སྐྲུན་གནད་སར་འཁྱོལ་བ་དང་། གློག་དྲ་བཀོད་གཏོང་གི་མངོན་མེད་ནུས་པ་གནད་སར་འཁྱོལ་བ། རྒྱུན་རྣམ་གྱི་མཁོ་སྤྲོད་འགན་ལེན་ལས་དོན་གནད་སར་འཁྱོལ་བ་བཅས་འགན་ལེན་བྱེད་དགོས་ཞེས་བསྟན་པ་རེད།

    ད་དུང་ཚོགས་འདུའི་ཐོག 《བོད་རང་སྐྱོང་ལྗོངས་ཀྱི་འབྲུ་རིགས་གྲབས་གསོག་དོ་དམ་བྱེད་ཐབས》བཏོན་པ་དེ་གོ་སྐབས་སུ་བྱས་ནས“ས་གྲོལ་རྨོན་འདེབས། འབྲུ་རིགས་ལ་དོ་དམ་ནན་པོ། འབྲུ་རིགས་འདང་ངེས་གྲབས་གསོག ཚན་རིག་དང་མཐུན་པའི་ངང་འབྲུ་རིགས་བརྗེ་བ”བཅས་ཀྱི་འབྲུ་རིགས་གྲབས་གསོག་ལམ་བུ་གསར་པའི་ཐོག་རིམ་བཞིན་བསྐྱོད་དགོས་ཞེས་བསྟན་པ་རེད།

    ཚོགས་འདུའི་ཐོག “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འཕེལ་རྒྱས་འཆར་འགོད་ལ་ཞིབ་འཇུག་བྱས་ཤིང་། ནུས་ཤུགས་ཡོད་རྒུས་ཞན་ཆ་བསབས་ནས“འཕར་རྩ་ཆེན་པོ”ཤར་གཏོང་དང་།“འཁོར་རྒྱུག་དྲ་བ”འཐུས་ཚང་དུ་གཏོང་བ། ཕྱུག་འགྱུར་ལམ་བུ་གཏོད་པ། “སྐྱེ་ཁམས་ལམ་བུ”འབྲེལ་མཐུད་བྱེད་པ།“མཐའ་བརྟན་ལམ་བུ”རིང་དུ་གཏོང་བ། “བདེ་འཇགས་འགག་སྒོ”བརྟན་སྲུང་བཅས་བྱས་ནས“འཛུགས་གཏོད་བཞིའི”ཁྲོད་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ལྗོངས་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་བསྟན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།