དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2022-06-18

    0b0be86b-1d84-4601-8826-86bbd8c56e8a.jpg.jpg

    ཟླ་6ཚེས་13ནས་15ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་། སྟག་རྩེ་ཆུས། སྟོད་ལུང་བདེ་ཆེན་ཆུས། ཆུ་ཤུར་རྫོང་། མཐོ་གསར་ཁུལ་བཅས་སུ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་ལྷ་སའི་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་འགྲེམས་སྟོན་ཁང་དུ་ཕེབས་ནས་ལྷ་སའི་གྲོང་ཁྱེར་གྱི་ལོ་རྒྱུས་འཕེལ་རིམ་དང་འཆར་འགོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།

    42b4f99a-30d4-4f85-a915-2794acd2e692.jpg.jpg

    ཟླ་6ཚེས་13ནས་15ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་། སྟག་རྩེ་ཆུས། སྟོད་ལུང་བདེ་ཆེན་ཆུས། ཆུ་ཤུར་རྫོང་། མཐོ་གསར་ཁུལ་བཅས་སུ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ལོ་85ལ་སླེབས་པའི་ཏང་ཡོན་རྒན་གྲས་བསམ་གྲུབ་སྒྲོལ་མའི་ནང་མི་མི་རབས་གསུམ་དང་མཉམ་དུ་བཞུགས་ཏེ་འཕེལ་རྒྱས་དང་འགྱུར་ལྡོག་སྐོར་གླེང་བཞིན་པ།

    ◆ མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཏེ་ལྗོངས་ཡོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གདོང་དམག་ཡག་པོ་བྱེད་དགོས།

    ཚེས་13ནས་15ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་། སྟག་རྩེ་ཆུས། སྟོད་ལུང་བདེ་ཆེན་ཆུས། ཆུ་ཤུར་རྫོང་། མཐོ་གསར་ཁུལ་བཅས་སུ་བརྟག་ཞིབ་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཧུར་ཐག་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། “དོན་ཆེན་བཞི”ལ་དམིགས་པ། “འཛུགས་གཏོད་བཞིར”ནུས་ཤུགས་གཅིག་སྒྲིལ་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་རུ་གཏོང་བ། ལྗོངས་ཡོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གདོང་དམག་ཡག་པོ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    ཁྲེན་ཡུང་ཆི་དང་། ལིའུ་ཅང་། ལའེ་ཅའོ། ཕུར་བུ་དོན་གྲུབ། ཟླ་བ་ཚེ་རིང་བཅས་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་པ་རེད།

    ལྷ་ས་ནི་སྙན་པའི་གྲགས་པ་ཀུན་ཏུ་ཁྱབ་པའི་ལོ་རྒྱུས་དང་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཞིག་དང་དེང་རབས་ཅན་གྱི་ཉམས་འགྱུར་ལྡན་པའི་ས་མཐོའི་གྲོང་གསར་ཞིག་རེད། ཝང་ཅུན་ཀྲེང་ལྷ་སའི་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་འགྲེམས་སྟོན་ཁང་དུ་ཕེབས་ནས་ལྷ་སའི་གྲོང་ཁྱེར་གྱི་ལོ་རྒྱུས་འཕེལ་རིམ་དང་འཆར་འགོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་བསྐྲུན་པ་དང་མི་དམངས་ཀྱི་ཆེད་དུ་གྲོང་ཁྱེར་ཡག་པོ་བསྐྲུན་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་དང་དོ་དམ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་གྲོང་ཁྱེར་གྱི་ས་ཁོངས་ཁྱད་ཆོས་དང་། མི་རིགས་ཀྱི་ཁྱད་ཆོས། དུས་རབས་ཀྱི་ཉམས་འགྱུར་བཅས་གང་ལེགས་མངོན་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད། ཝང་ཅུན་ཀྲེང་གིས་གྲོང་ཁུལ་གྱི་ཆུ་རྒྱུད་བཅོས་སྐྱོང་དང་སྐྱེ་ཁམས་སླར་གསོའི་གནས་ཚུལ་བྱམས་བརྩེའི་ངང་བཀའ་འདྲི་གནང་ཞིང་། ཁོང་གིས་ཆུ་ནི་གྲོང་ཁྱེར་གྱི་སྐྱེ་འགྲོ་ཀུན་གྱི་བདེ་ཐང་དང་འབྲེལ་བ་ཡོད་པས་ཆུའི་སྐྱེ་ཁམས་ཁོར་ཡུག་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་ཆུ་དང་འབྲེལ་བ་ཡོད་པའི་ལས་དོན་ཡག་པོ་སྒྲུབ་པ་དང་ཆུ་འགྲམ་གྱི་སྔོ་ལྗང་འཛུགས་སྐྲུན་ཡག་པོ་བྱས་ནས་མཛེས་སྡུག་སྡོད་མལ་ལ་འཚམ་པའི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཧུར་ཐག་སྐྲུན་དགོས་ཞེས་གསུངས་པ་རེད།

    ལྷ་ས་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་ཁྱོན་ཞབས་ཞུའི་སྐར་ཁུང་སྣ་ཚོགས་172བཀོད་སྒྲིག་བྱས་ཡོད་པ་དེ་དག་ལས“གཅིག་འཐུས་རྣམ་པའི”ཞབས་འདེགས་སྣ་ཚོགས་ཞུ་གི་ཡོད། ཝང་ཅུན་ཀྲེང་གིས་ཞབས་ཞུའི་ཆེད་དོན་ཁུལ་ལ་རིམ་པ་བཞིན་གཟིགས་ཞིབ་གནང་ནས་སྲིད་དོན་ཞབས་ཞུའི་འཁོར་སྐྱོད་གནས་ཚུལ་མཁྱེན་རྟོགས་གཏིང་ཟབ་གནང་ཞིང་། ཁོང་གིས་གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་སྟེ་དུས་ཚད་ཐུང་དུ་གཏོང་བ་དང་། ལྷུ་ཚིགས་ཉུང་དུ་གཏོང་བ། དཔྱད་ཡིག་ཁུ་བསྡུ་བྱེད་པ། འགྲོ་གྲོན་དམའ་རུ་གཏོང་བ་བཅས་ཀྱི་ཐད་འབད་བརྩོན་བྱས་ནས་གྲངས་གཞི་མང་ཙམ་སྤྱོད་པ་དང་མང་ཚོགས་ཕར་རྒྱུག་ཚུར་རྒྱུག་ཉུང་དུ་བཏང་སྟེ། ཞབས་ཞུའི་ལས་ཕྱོད་ཆེ་རུ་ཏན་ཏིག་གཏོང་བ་དང་ཁེ་ལས་དང་མང་ཚོགས་ཀྱི་ཐོབ་སྣང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད། འདི་ལོ་ལོ་82ལ་སླེབས་པའི་གྲོང་མི་ཀྲུང་ཆོས་སྒྲོན་སྲིད་དོན་ཚབ་གཉེར་བའི་རོགས་རམ་འོག་སྨན་བཅོས་འགན་བཅོལ་གྱི་ལས་སྒོ་གཉེར་བཞིན་ཡོད། རྒན་རྒོན་རྣམས་སྔོན་ལ་སྨན་བཅོས་དང་གློག་རྡུལ་ཅན་གྱི་ཞབས་ཞུ་ལོངས་སྤྱོད་སོགས་ཀྱི་ཐད་ད་དུང་སྟབས་བདེ་མེད་ཚུལ་མཁྱེན་རྟོགས་བྱུང་རྗེས་ཝང་ཅུན་ཀྲེང་གིས་རྒན་རྒོན་གྱི་གཟིགས་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་རྒན་རྒོན་ལ་འཕྲད་པའི་རིག་ནུས་ལག་རྩལ་གྱི་དཀའ་གནད་ཐག་གཅོད་བྱེད་གང་ཐུབ་བྱས་ཏེ་རྒན་རྒོན་ལ་དེ་བས་འཐུས་སྒོ་ཚང་བ་དང་། དེ་བས་སྙིང་ཉེ་བ། དེ་བས་ཐད་ཀར་བཅས་ཀྱི་ཞབས་འདེགས་ཞུ་དགོས་པའི་བཀའ་མངགས་གནང་བ་རེད།

    ཆུ་ཤུར་རྫོང་རྟ་དཀར་ཤང་གསུམ་ལྡན་གྲོང་ཚོ་ནི་རང་ལྗོངས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གྲོང་ཚོ་དང་པོ་དེ་རེད། ཝང་ཅུན་ཀྲེང་དེ་གར་ཕེབས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་སྡོད་ལས་དོན་སྤེལ་ཚུལ་སོགས་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། དམངས་འཚོ་རྒྱུན་མཐུད་འགན་ལེན་དང་ལེགས་སུ་གཏོང་བ། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད། འདི་ལོ་ལོ་85ལ་སླེབས་པའི་བསམ་གྲུབ་སྒྲོལ་མའི་ཏང་ལོ་ལོ་56ཟིན་ཞིང་། ཝང་ཅུན་ཀྲེང་གིས་ཁོང་ལ་ཁ་བཏགས་གཡོག་བཞིན་དུ་ཏང་ཡོན་རྒན་གྲས་ལ་གུས་སེམས་མཚོན་པར་གནང་བ་དང་ཁོང་གི་ནང་མི་མི་རབས་གསུམ་དང་མཉམ་དུ་གྲལ་སྒོར་དུ་བཞུགས་ཏེ་འཕེལ་རྒྱས་དང་འགྱུར་ལྡོག་སྐོར་གླེང་གནང་བ་རེད། ཝང་ཅུན་ཀྲེང་གིས་ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱ་རྒྱུ་དེ་རེད། ཏང་ཡོན་ཁྲི་སྟོང་མང་པོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་མི་རིགས་ཁག་གི་མང་ཚོགས་གོང་བུ་གཅིག་ཏུ་སྒྲིལ་བ་ནི་སྲ་ཞིང་བརྟན་པའི་སྟོབས་ཤུགས་ཆེན་པོ་ཞིག་རེད། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་གཅིག་རྒྱུན་གཅིག་འཛིན་གྱིས་མུ་མཐུད་འབད་འཐབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་བརྗིད་ཆེའི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཞེས་གསུངས་པ་རེད།

    སྟག་རྩེ་ཆུས་བོད་ལྗོངས་ཙང་ཡོན་ནས་ཚན་རྩལ་ཚད་ཡོད་ཀུང་སི་དང་། ཆུ་ཤུར་རྫོང་ཚལ་སྣེ་ཤང་ས་གཙང་བདེ་ཐང་ཐོན་ལས་གླིང་། མཐོ་གསར་ཁུལ་ཉིང་སོན་ཚན་རྩལ་གྲངས་གཞི་ལྟེ་གནས་བཅས་སུ་ཕེབས་ཏེ་ཝང་ཅུན་ཀྲེང་གིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་གཏིང་ཟབ་གནང་བ་རེད། ཁོང་གིས་ནས་སོགས་ཁྱད་ལྡན་ཐོན་ལས་སྟོབས་ཆེར་དང་ལེགས་སུ་བཏང་ནས་ཁྲོམ་རའི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་དོན་གཉེར་བྱས་ཏེ་བོད་ནས་ཀྱི་དྲི་ཞིམ་ལྗོངས་ཕྱི་ནང་དུ་འཐུལ་བ་བྱེད་དགོས། ཚོང་འགུགས་མ་འདྲེན་ལས་དོན་ཁྲོད་ཀྱི་བོད་སྐྱོར་ལས་བྱེད་པའི་འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཐོན་ལས་དང་རྣམ་གྲངས་དེ་བས་མང་བ་སྔ་ཙམ་དོན་འཁྱོལ་དང་སྔ་ཙམ་ཕན་འབྲས་ཐོན་པར་བྱེད་དགོས། ཞིང་ལས་ཚན་རྩལ་ཁྱབ་གདལ་དང་བེད་སྤྱོད་ཤུགས་ཆེན་བྱས་ནས“ས་ཆུ་འཕྲོད་པའི”དེང་རབས་ཞིང་ལས་ལག་རྩལ་དེ་བས་མང་བས་ས་གནས་དེ་གའི་མང་ཚོགས་ལ་ཕན་བདེ་སྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།

    “གནད་དོན་གང་དག་ཤེས་རྟོགས་བྱུང་ངམ” “བཅོས་སྒྲིག་ཇི་འདྲ་བྱས་སམ”སྟག་རྩེ་ཆུས་ཨུད་གཞུང་དོན་ཐོག་བརྩེགས་ཁང་ཆེན་དུ་ཝང་ཅུན་ཀྲེང་གིས་ལས་དོན་གྱི་འཕེལ་རིམ་ལ་གཟིགས་པ་དང་། དོན་འཁྱོལ་གནས་ཚུལ་བཀའ་འདྲི་གནང་བ། ཕན་འབྲས་ཞིབ་བཤེར་གནང་བ་མ་ཟད། ས་ཆ་དངོས་སུ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གཞི་རིམ་དུ་སྤེལ་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད། ཁོང་གིས་དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུ་ནི་ལྡོག་མེད་ཀྱི་གནས་ལུགས་ཤིག་ཡིན་པས་དོན་འཁྱོལ་ཐུབ་ན་འཇོན་ཐང་ངོ་མ་རེད། “སྣེ་གཉིས་ལ་དམ་འཛིན་དང་བར་སྐུལ་ཁྲིད”བྱས་ནས་སྔོན་ཐོན་དཔེ་མཚོན་ཚད་ཤིང་དུ་བྱེད་པ་དང་། ལྡོག་ཕྱོགས་ཀྱི་དཔེ་མཚོན་དཔྱད་གཞིའི་མེ་ལོང་དུ་འཛིན་པ། དཔེ་མཚོན་སྣེ་འདྲེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་བསྒམ་ནན་རང་བཞིན་དང་། སྒྲིག་ཁྲིམས་རང་བཞིན། དངོས་ཕན་རང་བཞིན་བཅས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་གྱི་ལས་དོན་སྙན་སེང་གསན་པ་དང་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་རེད། ཁོང་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ་དང“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ཏེ་ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལམ་ལུགས་དང་། བྱ་ཐབས། བླང་བྱ་བཅས་ཁག་གཞི་རིམ་དུ་དངོས་འབྲེལ་དོན་འཁྱོལ་ཐུབ་པར་བྱས་ཏེ་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་རྒྱུན་སྲིང་ལྷོད་མེད་ངང་སྲུང་སྐྱོང་བྱེད་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འདུ་ཤེས་གྲོང་ཁྱེར་གྱི་དམིགས་བསལ་ཁྱད་ཆོས་ནང་མཉམ་འདྲེས་ཡོང་བ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས། མཐའ་དར་དམངས་ཕྱུག་གི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་མཐའ་མཚམས་སྟོབས་ཆེར་གཏོང་བའི་རྒྱབ་ཕྱོགས་ཆེན་པོ་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འཕེལ་རྒྱས་ནི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་རེད། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཐོན་ལས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ལྷ་སའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ནུས་ལྡན་གྱི་མ་འཇོག་རྒྱ་ཆེར་གཏོང་བར་ཚད་མཐོའི་མཐོང་ཆེན་བྱས་ནས་རྣམ་གྲངས་འཛུགས་སྐྲུན་དང་། ཐོན་ལས་འཕེལ་རྒྱས། ཚོང་འགུགས་མ་འདྲེན་བཅས་ལ་བརྟེན་ནས་མ་འཇོག་ལ་སྐུལ་འདེད་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་དང་ཐོན་ལས་འཁོར་འབྲེལ་གྱི་ཞན་ཆ་བསལ་ཏེ་སྤུས་ཚད་མཐོ་བའི་མ་འཇོག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོན་ཕྱོགས་མངོན་གསལ་དོད་པོ་ཞིག་ཆགས་པར་བྱས་ཏེ་དཔལ་འབྱོར་ཐད་མིག་སྔར་གསོན་ཤུགས་འཕེལ་བ་དང་འབྱུང་འགྱུར་གཏིང་ཤུགས་ལྡན་པར་བྱེད་དགོས། ལྷ་སའི་ཐོན་ཁུངས་ཀྱི་ལེགས་ཆ་དང་བསྡུར་གཞི་ཡོད་པའི་ལེགས་ཆར་གཞི་ཚུགས་ནས་ཐོན་ལས་འཕེལ་རྒྱས་ཀྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་གཉིས་ཀ་མཐོ་རུ་གཏོང་བ། གསར་དར་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་པ། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། ཡང་བའི་བཟོ་ལས་ཀྱི་ཐོན་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ་དེང་རབས་ཀྱི་ཐོན་ལས་མ་ལག་གང་མགྱོགས་སྐྲུན་དགོས། རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་ནས་ཐོན་ཁུངས་ནི་རྩ་བ་དང་། ཁྱད་ཆོས་ནི་ངོ་བོ། རིག་གནས་ནི་བླ་སྲོག ཁྲོམ་ར་ནི་སྟོན་ཕྱོགས་བཅས་ཡིན་པ་མཐའ་འཁྱོངས་ཀྱིས་མཛེས་ལྗོངས་ཡུལ་སྐོར་དང་རིག་གནས་ཡུལ་སྐོར་ཟུང་འབྲེལ་དམ་ཟབ་བྱེད་པར་སྐུལ་འདེད་བཏང་སྟེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་ཡོང་བར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མི་ལྟེ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་ཧུར་ཐག་བཏང་སྟེ་ཞི་མཐུན་དང་སྡོད་མལ་ལ་འཚམ་པ་དང་། གསོན་ཤུགས་ཀྱིས་ཕྱུག་པ། ཁྱད་ཆོས་མངོན་གསལ་དོད་པ། རིག་གནས་ཀྱི་རྨང་གཞི་ཟབ་པ་བཅས་ཀྱི་དེང་རབས་ཅན་གྱི་ལྷ་ས་ཧུར་ཐག་སྐྲུན་དགོས། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་འཛུགས་པ་དང་། འགོ་འཛུགས་ས་མཐོ་པོའི་སྒོ་ནས་གྲོང་ཁྱེར་གྱི་འཆར་འགོད་ཡག་པོ་བཟོ་བ། འཆར་འགོད་ཀྱི་འདུ་ཤེས་གསར་གཏོད་བྱེད་པ། འཆར་འགོད་ཀྱི་བྱ་ཐབས་ལེགས་སུ་གཏོང་བ། འཆར་མང་གཅིག་སྒྲིལ་མཐའ་འཁྱོངས་བྱེད་པ། དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་འཛུགས་སྐྲུན། ཐོན་ལས་བཀོད་པ། བར་མཐོངས་བེད་སྤྱོད། ཐོན་ཁུངས་སྲུང་སྐྱོང་། རྨང་གཞིའི་འཛུགས་སྐྲུན་སོགས་འཆར་འགོད་འབྲེལ་མཐུད་ནུས་ལྡན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། འཆར་འགོད་ཀྱི་སྔ་བལྟས་ཕྱི་བསམ་རང་བཞིན་དང་། བསྒམ་ནན་རང་བཞིན། རྒྱུན་མཐུད་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ཆེ་རུ་གཏོང་དགོས། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བཙུགས་ཏེ་ཚད་གཞི་མཐོ་པོའི་སྒོ་ནས་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་ལྗང་མདོག་སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོང་ལ་དེ་བས་དོ་སྣང་དང་། འཛུགས་སྐྲུན་གྱི་སྤུས་ཚད་ལ་དེ་བས་དོ་སྣང་། སྤུས་ཚད་དང་གནས་རིམ་ལ་དེ་བས་སྣང་ཆེན་བཅས་བྱས་ཏེ་ཕྱི་ནང་གཉིས་ཀར་དམ་འཛིན་བྱེད་པ་དང་། ལག་རྩལ་དང་རྨང་གཞིའི་སྒྲིག་ཆས་ལ་མཉམ་དུ་སྐུལ་འདེད་གཏོང་བ། ཚན་རིག་དང་མཐུན་ཞིང་ལེ་ལག་ཚང་བའི་སྒོ་ནས་རྨང་གཞིའི་སྒྲིག་བཀོད་འཆར་འགོད་དང་འཛུགས་སྐྲུན་བཅས་བྱས་ཏེ་ལོ་རྒྱུས་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ལ་བརྟེན་ནས་གྲོང་ཁྱེར་གྱི་འཛུགས་སྐྲུན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཞི་མཐུན་འཕེལ་རྒྱས་ཀྱི་འདུ་ཤེས་བཙུགས་ཏེ་ཆུ་ཚད་མཐོ་པོས་གྲོང་ཁྱེར་ལ་དོ་དམ་བྱེད་པ་དང་། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རྣམས་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ། མི་དམངས་མང་ཚོགས་ཀྱི་ཁེ་ཕན་མངོན་འགྱུར་ཐུབ་ཚད་དང་བློ་ཡིད་ཚིམ་ཚད་དེ་ཚད་གཞིར་བཟུང་བ། “མི་དམངས་ལ་སྟབས་བདེ་ཡོང་བའི་ཆེད་དུ་ཡིན་པ་ལས་དོ་དམ་པར་སྟབས་བདེ་ཡོང་བའི་ཆེད་དུ་མིན་པ”བློ་ལ་བརྟན་པོར་ངེས་པ། མང་ཚོགས་ལ་བསམ་འཆར་ཡོད་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ། དེ་བས་སྐྱིད་སྣང་དོད་པ་དང་། བདེ་འཇགས་ལྡན་པ། སྟབས་བདེ་བ་བཅས་ཀྱི་ཞབས་འདེགས་ཧུར་ཐག་ཞུ་བ། མང་ཚོགས་རྣམས་ལ་ལེགས་བཅོས་ཆུང་ངུའི་ཁྲོད་ནས་ཕན་པ་ཆེན་པོ་དེ་བས་མང་བ་ཐོབ་པར་བྱེད་པ། ཞིབ་ཕྲའི་དོན་དག་ཆུང་ཙག་ཁྲོད་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དེ་བས་མང་བ་ཚོར་བ་བཅས་བྱས་ཏེ“ཡུལ་འདི་གའི་མི་རྣམས་སྤོབས་པ་སྐྱེ་བ་དང་ཡུལ་གཞན་གྱི་མི་རྣམས་ཡིད་སྨོན་སྐྱེ་བའི”དེང་རབས་ཅན་གྱི་ས་མཐོའི་གྲོང་ཁྱེར་ཞིག་ཧུར་ཐག་སྐྲུན་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་འཐབ་ས་དང་པོར་བསྐྱོད་པ་དང་། དོན་དངོས་ལ་ཟབ་འཇུག་གིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། རྟག་ཏུ་ཁྲོམ་གཞུང་དང་སྲང་ལམ་དུ་བསྐྱོད་དེ་མང་ཚོགས་ཀྱི་བསམ་འཆར་ཉན་པ། དཀའ་གནད་སེལ་བ་དང་དོན་དངོས་སྒྲུབ་པ་བཅས་བྱས་ཏེ་གྲོང་ཁྱེར་དོ་དམ་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་སྟེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་སྟོན་ཕྱོགས་གསལ་པོ་བཙུགས་ཏེ་ལག་ལེན་དངོས་ཀྱི་ཁྲོད་ནས་ལས་བྱེད་པར་ཞུན་བརྡར་དང་། གསོ་སྐྱོང་། བེད་སྤྱོད། འདེམས་བསྐོ་བཅས་བྱེད་དགོས། གཞི་རིམ་དང་རྨང་གཞིར་དམ་འཛིན་ནན་པོ་བྱེད་པའི་སྟོན་ཕྱོགས་གསལ་པོ་བཙུགས་ཏེ་གཞི་རིམ་དང་རྨང་གཞིའི་ལས་དོན་ལ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ལྷོད་མེད་བྱེད་དགོས། ལག་ལེན་དང་། དངོས་སྒྲུབ། ལས་རྗེས། འགན་འཁུར་བཅས་ལ་སྣང་ཆེན་བྱེད་པའི་སྟོན་ཕྱོགས་གསལ་པོ་བཙུགས་ཏེ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ“མིག་དཔེ་དྲུག”ལག་བསྟར་བྱས་ནས་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་བཟང་པོ་གཏོད་པ་དང་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་བྱ་གཞག་ཁག་ཟམ་མི་ཆད་པར་ཡར་རྒྱས་གསར་པ་ཡོང་བར་སྐུལ་འདེད་བཏང་སྟེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།