ཚེས་15ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་ལ་བརྟག་ཞིབ་གནང་བར་ཕེབས་པ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་གྲུབ་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་པ་རེད།
བརྟག་ཞིབ་གནང་རིང་ཡན་ཅིན་ཧའེ་ཡིས་ཡུལ་སྐོར་འཕེལ་རྒྱས་བཤམས་སྟོན་ཁང་ལ་གཟིགས་སྐོར་གནང་བ་དང་། རིག་ལྡན་ཡུལ་སྐོར་ལས་སྟེགས་ལ་རྟོག་ཞིབ་གནང་བ། “ཁུལ་གསུམ་དང་མཐོ་ས་གཅིག”གཏོད་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱལ་ཡོངས་ཡུལ་སྐོར་གྱི“གདོང་དམག་བཞིའི”འགོ་ཁྲིད་ཚོགས་ཆུང་གི་ལས་དོན་སྤེལ་ཚུལ་སྐོར་གསན་པ་རེད།
ཁོང་གིས་འདི་ལོ་ཚུན་དུ་རིམས་ནད་ཀྱི་རྡབ་རྡེག་སོགས་སྔོན་དཔག་ལས་བརྒལ་བའི་ཤུགས་རྐྱེན་གྱི་མདུན་དུ། རང་ལྗོངས་ཀྱིས“རང་ཡུལ་དུ་ཡུལ་སྐོར་བྱེད་པ”སོགས་ཀྱི་བྱ་ཐབས་དུས་ཐོག་ཏུ་བཏོན་ཏེ། ཡུལ་སྐོར་ཁྲོམ་རར་སྐུལ་ཁྲིད་ནུས་ལྡན་བྱས་པས་ཡུལ་སྐོར་ཁྲོམ་ར་སླར་གསོའི་གྲུབ་འབྲས་ནི་ལས་སླ་པོར་བྱུང་བ་ཞིག་གཏན་ནས་མིན་ཞེས་བསྟན་གནང་བ་རེད།
རང་ལྗོངས་ཀྱི་ཡུལ་སྐོར་ལས་དོན་སྐོར་གྱི་སྙན་སེང་གསན་རྗེས་ཡན་ཅིན་ཧའེ་ཡིས། བོད་དུ་ཡུལ་སྐོར་འཕེལ་རྒྱས་གཏོང་བ་ནི་དཔལ་འབྱོར་གྱི་ལས་དོན་ཞིག་དང་། ཆབ་སྲིད་ཀྱི་ལས་དོན་ཞིག དམངས་འཚོའི་ལས་དོན་ཞིག་བཅས་རེད། རང་ལྗོངས་ཀྱི་ཡུལ་སྐོར་ཐོན་ཁུངས་ཐུན་མོང་མ་ཡིན་པ་དང་། གཞན་གྱིས་འདྲ་བཟོ་བྱེད་མི་ཐུབ་པས་འཕེལ་རྒྱས་ཀྱི་སྤུས་ཀ་དག་པ། མདུན་ལམ་ཆེ་བ། སྤུས་རྟགས་སྙན་གྲགས་ཆེ་བ། མངོན་མེད་སྟོབས་ཤུགས་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། ཡུལ་སྐོར“སྦྲེལ་ཐག”དང“གཞི་རྟེན”དུ་བྱས་ཏེ། ཡུལ་ཕྱོགས་གཅིག་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་དང་ཡུལ་ཕྱོགས་གཅིག་གི་མི་སེར་ཕྱུག་པོ་ཆགས་པར་སྣེ་ཁྲིད་བྱས་ནས། མི་རིགས་ཁག་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། འཆར་འགོད་ཀྱི་རིམ་པ་མཐོ་རུ་གཏོང་བར་དམ་འཛིན་བྱེད་དགོས་ཤིང་། རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་ཐོན་ཁུངས་ཀྱི་གྲངས་གཞིའི་མཛོད་འཛུགས་པ་དང་སྤུས་ཚད་མཐོ་བའི་ལམ་ཐིག་འཆར་འགོད་དང་། ལས་རྣམ་འཆར་འགོད། ཐོན་རྫས་འཆར་འགོད། རྣམ་གྲངས་འཆར་འགོད་བཅས་བྱས་ནས“གནམ་མཚོའི་ཡུལ་སྐོར”དེ་ཞིབ་ཕྲ་ཅན་དང་ལག་ལེན་ཅན་དུ་འགྱུར་བ་བྱེད་དགོས་པ་དང“འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་འཛུགས་སྐྲུན”བྱ་རྒྱུ་དེ་འཆར་འགོད་ས་བཀྲ་དང་ཞིབ་ཕྲའི་རྣམ་གྲངས་ཐོག་འཁྱོལ་བར་བྱེད་དགོས། མཛེས་ལྗོངས་ཁུལ་གྱི་སྤུས་ཚད་མཐོ་རུ་གཏོང་བར་དམ་འཛིན་བྱེད་དགོས་ཤིང་། “ཁྱད་ལྡན་དང་། རྩེ་གྲ སྤུས་ལེགས”བཅས་ཀྱི་འཕེལ་རྒྱས་གཏོང་ཐབས་མཐའ་འཁྱོངས་ཀྱིས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཆེད་སྤྱོད་མ་དངུལ་བེད་སྤྱོད་ཡག་པོ་བྱས་ཏེ། མཛེས་ལྗོངས་ཁུལ་སྟོབས་ཤུགས་གཅིག་སྡུད་ཀྱིས་བཏོད་དེ་ཏན་ཏིག་ལེགས་སྤེལ་དང་། གོམ་རེར་སྒར་རེ། ཕྲེང་སྦྲེལ་ལམ་ཆགས། ཕན་འབྲས་རིམ་ཐོན་བཅས་ཡོང་བར་བྱེད་དགོས། ཁྲོམ་རའི་ཕན་འབྲས་ཆེ་རུ་གཏོང་བར་དམ་འཛིན་བྱེད་དགོས་ཤིང་། ཉེ་འཁོར་གྱི་ཞིང་ཆེན་དང་གྲོང་ཁྱེར་དང་དེ་བཞིན་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་སྟེ་མིག་རྒྱང་རིང་དུ་དང་ཞན་ཆ་སེལ་དགོས། ནོར་སྲིད་མ་དངུལ་གྱི“རྒྱུ་འགྲོ་ཆུང་ལ་དོན་གོ་ཆོད་པ”ཡི་སྣེ་ཁྲིད་དང་འདེགས་ཤིང་གི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། ལྗོངས་ཕྱི་ནང་གི་ཡུལ་སྐོར་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ། “བོད་ལུགས་གསོ་རིག་དང་སྨན་རྫས་ཀྱི་ལུས་བདེ་ཤ་རིད”ཀྱི་རྣམ་གྲངས་སྐྱེད་སྲིང་ཁྱབ་གདལ་ཏན་ཏིག་གཏོང་བ་བཅས་བྱེད་དགོས། དོ་དམ་གྱི་སྤུས་རིམ་མཐོ་རུ་གཏོང་བར་དམ་འཛིན་བྱེད་དགོས་ཤིང་། “ཅན་བཅུའི་འདུ་འགོད”དམ་འཛིན་བྱ་གཞིར་བྱེད་པ་དང་། “ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་ཡག་པོ་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། སྣེ་ཁྲིད་དེ་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།