དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-15

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཉེ་ཆར་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། རང་སྐྱོང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀྲོང་ཡན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལའེ་ཅའོ་དང་། མོང་ཞའོ་ལིན། ཝང་ཡུང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཚོགས་འདུའི་ཐོག རྒྱལ་ཡོངས་ཀྱི་ལས་ཞུགས་བརྟན་པོ་ཡོང་བའི་ལས་དོན་དང་རྒྱལ་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་མི་སྤྱི་ཐིང་དུ་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་གྲོང་ཁྱེར་དང་ས་ཁུལ་ཁག་གི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ལ་སྐུལ་འདེད་བཏང་བའི་སྐོར་གྱི་སྙན་སེང་གསན་པ་རེད།

    ཚོགས་འདུའི་ཐོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་དམངས་འཚོའི་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་ཐེངས་མང་གནང་བ་དང་བརྟག་ཞིབ་དང་མཛུབ་ཁྲིད་གཏིང་ཟབ་གནང་ནས་བླང་བྱ་ཁ་གསལ་བཏོན་གནང་བ་རེད། རིམ་ཁག་སྡེ་ཚན་ཁག་གིས་འདི་ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། གདེང་ཚོད་བརྟན་པོ་དང་ངེས་ཤུགས་རྒྱུན་འཁྱོངས་ཀྱིས་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དང་ལས་གཏོད་ལ་དམ་འཛིན་ནན་པོ་དང་དམ་འཛིན་ཡག་པོ་བྱས་ནས། ལས་ཞུགས་ཀྱི་དུས་བབ་སྤྱིར་ན་བརྟན་པོས་སྤྱི་ཚོགས་སྤྱི་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།

    ཚོགས་འདུར་ལས་ཞུགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་ཆད་ལུས་མེད་པར་ཡག་པོ་སྤྱད་དེ། རང་ལྗོངས་ཀྱི་དོན་དངོས་དང་འཚམ་པ་དང་དངོས་སྒྲུབ་གོ་ཆོད་ཀྱི་ལས་ཀའི་བྱ་ཐབས་ཏན་ཏིག་དང་ཞིབ་ཕྲ་བཟོས་ནས། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་ལས་དོན་ཡག་པོ་གནད་སྨིན་ཞིབ་ཚགས་སྒྲུབ་དགོས། ལས་གནས་གསར་སྤེལ་དང་འོས་སྦྱོར་སྔར་བས་གཏིང་ཟབ་དང་ཡག་པོ་ཞིབ་ཚགས་བྱས་ནས“ཚོགས་སྒྲིག་རྣམ་པའི”ལྗོངས་ཕྱིར་ལས་ཞུགས་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ལས་གནས་སྤུས་ལེགས་དེ་བས་མང་བ་བརྟན་པོའི་ངང་རྒྱ་སྐྱེད་བཏང་སྟེ། གཞུང་ལས་པ་བསྡུ་བའི་ལྷུ་ཚིགས་ཁག་གི་ལས་དོན་བདེ་འཇགས་དང་། བརྟན་པོ། བདེ་བླག་བཅས་ཡོང་བའི་འགན་ལེན་བྱེད་དགོས། ལས་ཞུགས་ལ་མཛུབ་ཁྲིད་དང་ཞབས་འདེགས་སྔར་བས་གཏིང་ཟབ་དང་ཡག་པོ་ཞིབ་ཚགས་སྒྲུབ་པ་དང་། “གཅིག་གཏད་གཅིག”གི་རོགས་སྐྱོར་བྱ་ཐབས་དོན་འཁྱོལ་ཞིབ་ཚགས་བྱེད་པ། དྲ་ཐོག་དང་དྲ་ཕྱིའི་ལས་མི་བསྡུ་བའི་འདུ་ཚོགས་བྱེད་སྒོ་སྒྲིག་འཛུགས་ཧུར་ཐག་བཅས་བྱས་ནས་སློབ་ཆེན་སློབ་མར་ཡང་དག་པའི་ལས་ཞུགས་ལྟ་བ་དང་ལས་རིགས་ལྟ་བ་འཛུགས་རོགས་བྱེད་དགོས། དཀའ་ངལ་ཡོད་རིགས་ལ་རོགས་སྐྱོར་སྔར་བས་གཏིང་ཟབ་དང་ཞིབ་ཚགས་བྱས་ཏེ་དབུལ་སྒྲོལ་གྱི་ཁྱིམ་ཚང་དང་། མ་མཐའི་འཚོ་བ་འགན་ལེན་གྱི་ཁྱིམ་ཚང་། ལས་ཞུགས་གཅིག་ཀྱང་ཐུབ་མེད་པའི་ཁྱིམ་ཚང་བཅས་ཀྱི་སློབ་ཐོན་སློབ་མ་དང་དབང་པོ་སྐྱོན་ཅན་སློབ་ཐོན་སློབ་མའི་ལས་ཞུགས་རོགས་སྐྱོར་གྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས། ལས་ཞུགས་ཀྱི་ནུས་པ་ཆེ་རུ་ནུས་ལྡན་གཏོང་དགོས། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ་དང་། དམིགས་ཚད་ཀྱི་སྣེ་ཁྲིད་དང་གནད་དོན་ཕྱོགས་སྟོན་མཐའ་འཁྱོངས་འཛིན་པ། གཞི་གྲངས་གསལ་པོ་དང་གནས་ཚུལ་གསལ་པོ་ཡོང་བ། ཕྱོགས་ཁག་གི་སྟོབས་ཤུགས་སྔར་བས་གཅིག་ཏུ་སྒྲིལ་བ། ནུས་པ་དེ་བས་ཆེ་བ་བཏོན་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་དང་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།