དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ཡུན་ནན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་བརྟག་ཞིབ་ཚོགས་ཆུང་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2022-06-15

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་གཅིག་ལྕོགས་བློ་བཟང་རྒྱལ་མཚན་གྱིས་ཡུན་ནན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་ཀྲང་ཐའེ་ཡོན་གྱིས་རུ་སྣེ་ཁྲིད་པའི་བརྟག་ཞིབ་ཚོགས་ཆུང་དང་བཞུགས་མོལ་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཅུན་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡན་ཆིང་ཞུགས་ཡོད་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་དང་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་བརྟག་ཞིབ་ཚོགས་ཆུང་དང་བཅས་པ་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་འབྲེལ། ཡུན་ནན་ཞིང་ཆེན་གྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་གསལ་བཏོན་གནང་བའི“དོན་ཆེན་བཞི”ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམིགས་ཏེ“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”འཐབ་ཇུས་བྱ་ཐབས་གསར་གཏོད་རང་བཞིན་ངང་བཏོན་ནས་བོད་ཀྱི་འཕེལ་རྒྱས་འཆར་གཞི་བཀོད་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས“གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་གིས་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”ལག་ལེན་རྣམ་དག་བྱེད་པའི་མཐོ་ཚད་ཐོག་ནས་ཀྲུང་དབྱང་གི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བ་དང་། “ལས་ཁུངས་བཞིའི”ངེས་གནས་ཀྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མི་སོགས་ཀྱི་ལས་དོན་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་སྲོལ་ཡིག》སྔ་རྗེས་སུ་བཟོས་ནས་བཏོན་ཡོད། ད་ལོ་ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་ཀའི་ལམ་སྲོལ་བཙུགས་ནས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གང་དུ་དོན་འཁྱོལ་བྱས་ན་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་གར་སྤེལ་ཐུབ་པ་དང་འགན་ནུས་དེ་གར་འདོན་སྤེལ་ཐུབ་པར་བྱས་ཏེ“འཛུགས་གཏོད་བཞིར”སྐུལ་འདེད་ཤུགས་ཆེན་གཏོང་བ་དང“མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་སྒྲུབ་པར་མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་ཅེས་གསུངས་པ་རེད།

    ཀྲང་ཐའེ་ཡོན་གྱིས་བོད་དུ་བརྟག་ཞིབ་བྱས་ཚུན། བོད་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ་མཐོང་སྐབས་བོད་ལྗོངས་འཕེལ་རྒྱས་མྱུར་པོ་སོང་བར་སྙིང་དབུས་ནས་དགའ་ཚོར་སྐྱེ་ཡི་འདུག བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་གི་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པར་ཐོབ་པའི་གྲུབ་འབྲས་ལ་སྙིང་དབུས་ནས་རྟེན་འབྲེལ་ཞུ་རྒྱུ་ཡིན་ལ། ཕྱོགས་གཉིས་པོས་སྤེལ་རེས་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཐུན་མོང་ཐོག་ཡག་པོ་སྒྲུབ་ཐུབ་རྒྱུའི་རེ་བའང་ཡོད་ཅེས་གསུངས་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།