བོད་རང་སྐྱོང་ལྗོངས་ཀྱི་སྦྲག་སྲིད་སྲོལ་ཡིག
(2012ལོའི་ཟླ་3ཚེས་30ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བདུན་པའི་ཐོག་གྲོས་འཆམ་བྱས། 2019ལོའི་ཟླ་7ཚེས་31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག《<《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཁྱབ་གདལ་གཏོང་རྒྱུའི་བཅའ་ཁྲིམས》ཀྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས>སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་བརྒྱད་ཀྱི་བཟོ་བཅོས་སྐོར་གྱི་ཆོད་དོན》གཞིར་བཟུང་དག་བཅོས་ཐེངས་དང་པོ་བྱས། 2021ལོའི་ཟླ་9ཚེས་29ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གཉིས་པའི་ཐོག《 < 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མ་བུའི་འཕྲོད་སྦྱོར་བཅའ་ཁྲིམས》ཀྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས>སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་བརྒྱད་ཀྱི་བཟོ་བཅོས་སྐོར་གྱི་ཆོད་དོན》གཞིར་བཟུང་དག་བཅོས་ཐེངས་གཉིས་པ་བྱས)
དཀར་ཆག
ལེའུ་དང་པོ། སྤྱིའི་རྩ་དོན།
ལེའུ་གཉིས་པ། སྦྲག་སྲིད་ཀྱི་སྒྲིག་བཀོད།
ལེའུ་གསུམ་པ། སྦྲག་སྲིད་ཀྱི་ཞབས་ཞུ།
ལེའུ་བཞི་པ། སྦྲག་སྲིད་ཀྱི་འགན་སྲུང་།
ལེའུ་ལྔ་པ། མྱུར་སྐྱེལ་གྱི་ཞབས་ཞུ།
ལེའུ་དྲུག་པ། ལྟ་སྐུལ་ཞིབ་བཤེར།
ལེའུ་བདུན་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
ལེའུ་བརྒྱད་པ། ཞར་བྱུང་།
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུ་འགན་སྲུང་བྱེད་རྒྱུ་དང་། སྦྲག་སྲིད་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ། སྦྲག་སྲིད་འཕྲིན་གཏོང་དང་ཆ་འཕྲིན་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུ། འཕྲིན་གཏོང་རང་དབང་དང་འཕྲིན་གཏོང་གི་གསང་བ་སྲུང་སྐྱོབ་བྱེད་རྒྱུ། སྤྱོད་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་རྒྱུ། སྦྲག་སྲིད་སྐྱོན་བྲལ་རྒྱུན་མཐུད་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་མི་དམངས་ཀྱི་འཚོ་བའི་དགོས་མཁོ་དང་འཚམ་ཐུབ་པ་བྱེད་རྒྱུ་བཅས་ཀྱི་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྦྲག་སྲིད་བཅའ་ཁྲིམས》དང་། དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྲོལ་ཡིག་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་སུ་སྦྲག་སྲིད་ཀྱི་འཆར་འགོད་དང་། འཛུགས་སྐྲུན། ཞབས་ཞུ། ལྟ་སྐུལ་དོ་དམ་སོགས་འབྲེལ་ཡོད་བྱེད་སྒོར་བྱ་ཐབས་འདི་སྤྱད་ན་འཐུས།
དོན་ཚན་གསུམ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུར་སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་གྱིས་སྦྲག་སྲིད་གོང་འཕེལ་གཏོང་རྒྱུ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་འཆར་འགོད་ནང་བཅུག་ཐོག ཞིང་འབྲོག་ཁུལ་གྱི་སྦྲག་སྲིད་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྦྲག་སྲིད་དེ་ས་གནས་དེ་གའི་དཔལ་འབྱོར་སྤྱི་ཚོགས་དང་མཐུན་སྦྱོར་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
རིམ་ཁག་སྦྲག་སྲིད་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆ་མཚུངས་ཅན་གྱི་བླང་བྱར་གཞིགས་ཏེ་སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུའི་ཚད་གཞི་ལྟར་སྦྲག་སྲིད་གོང་འཕེལ་གཏོང་བའི་འཆར་འགོད་བཟོ་རྒྱུའི་སྒྲིག་འཛུགས་བྱེད་དགོས།
དོན་ཚན་བཞི་པ། རང་སྐྱོང་ལྗོངས་ཀྱི་སྦྲག་སྲིད་དོ་དམ་ལས་ཁུངས་ཀྱིས་ལྗོངས་ཡོངས་ཀྱི་སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུ་དང་སྦྲག་སྲིད་ཁྲོམ་རའི་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་རྒྱུ།གྲོང་ཁྱེར(ས་གནས)སྦྲག་སྲིད་དོ་དམ་ལས་ཁུངས་ཀྱིས་རང་སྐྱོང་ལྗོངས་སྦྲག་སྲིད་དོ་དམ་ལས་ཁུངས་ཀྱི་འགོ་ཁྲིད་འོག་སྲིད་འཛིན་ས་ཁོངས་ནང་གི་སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུ་དང་སྦྲག་སྲིད་ཁྲོམ་རར་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་རྒྱུ།
གོང་འཕེལ་བསྒྱུར་བཅོས་དང་། ནོར་སྲིད། རང་བྱུང་ཐོན་ཁུངས། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། འགྲིམ་འགྲུལ་སྐྱེལ་འདྲེན། སྤྱི་བདེ། རྒྱལ་ཁབ་བདེ་འཇགས། འགག་སྒོ། ཁྲོམ་རའི་ལྟ་སྐུལ་དོ་དམ། ནད་ཡམས་བརྟག་ཞིབ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ཁག་བགོས་འགན་འཁྲི་བཞིན་སྦྲག་སྲིད་ཀྱི་འབྲེལ་ཡོད་ལས་ཀ་ཡག་པོ་བསྒྲུབ་རྒྱུར་ཁྲིམས་ལྟར་གཞོགས་འདེགས་བྱེད་དགོས།
དོན་ཚན་ལྔ་པ། སྤྱི་དམངས་ཀྱི་འཕྲིན་གཏོང་རང་དབང་དང་འཕྲིན་གཏོང་གི་གསང་བར་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་པ་ཡིན། རྒྱལ་ཁབ་ཀྱི་བདེ་འཇཌ་སམ་ཡང་ན་ཉེས་དོན་ཉེས་གསོག་རྩད་བཤེར་གྱི་དགོས་མཁོའི་རྐྱེན་པས་སྤྱི་བདེ་ལས་ཁུངས་དང་རྒྱལ་ཁབ་བདེ་འཇཌ་ལས་ཁུངས་སམ་ཡང་ན་ཞིབ་དཔྱོད་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱི་གཏན་འབེབས་གོ་རིམ་གཞིར་བཟུང་འཕྲིན་གཏོང་ལ་ཞིབ་བཤེར་བྱེད་དགོས་པ་ཕུད། རྩ་འཛུགས་སམ་ཡང་ན་མི་སྒེར་སུ་འདྲ་ཞིག་ཡིན་རུང་རྒྱུ་མཚན་གང་རུང་གི་ཐོག་ནས་སྤྱི་དམངས་ཀྱི་འཕྲིན་གཏོང་རང་དབང་དང་འཕྲིན་གཏོང་གསང་བར་བཙན་གནོད་བྱེད་མི་ཆོག
བཅའ་ཁྲིམས་ནང་ལོགས་སུ་གཏན་འབེབས་བྱས་ཡོད་པ་ཕུད་རྩ་འཛུགས་གང་ཞིག་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་སྦྲག་བསྐུར་དང་བསྐུར་དངུལ་ལ་ཞིབ་བཤེར་དང་བཀག་ཉར་བྱེད་མི་ཆོག
དོན་ཚན་དྲུག་པ། སྦྲག་སྲིད་དོ་དམ་ལས་ཁུངས་དང་། སྤྱི་བདེ་ལས་ཁུངས། རྒྱལ་ཁབ་བདེ་འཇགས་ལས་ཁུངས། འགག་སྒོ་བཅས་ཀྱིས་ངེས་པར་དུ་ཕན་ཚུན་གཞོགས་འདེགས་བྱེད་པ་དང་། བདེ་འཇགས་ཐད་ཀྱི་འགན་སྲུང་ལམ་སྲོལ་གསར་འཛུགས་དང་འཐུས་སྒོ་ཚང་དུ་བཏང་ཐོག སྦྲག་སྲིད་ཀྱི་འཕྲིན་གཏོང་དང་ཆ་འཕྲིན་གྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྦྲག་སྲིད་འཕྲིན་གཏོང་དང་ཆ་འཕྲིན་གྱི་བདེ་འཇགས་འགན་ལེན་བྱེད་དགོས།
དོན་ཚན་བདུན་པ། དབང་བའི་ལམ་ལུགས་སྣ་མང་ཅན་གྱི་མྱུར་སྐྱེལ་ཁེ་ལས་ནས་མྱུར་སྐྱེལ་ལས་སྒོ་སྤེལ་ཏེ་སྤྱི་ཚོགས་ཕྱོགས་གང་ཐད་ཀྱི་དགོས་མཁོ་སྐོང་བར་རང་སྐྱོང་ལྗོངས་ཀྱིས་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་རྒྱུ།
དོན་ཚན་བརྒྱད་པ། སྦྲག་སྲིད་ཁེ་ལས་དང་མྱུར་སྐྱེལ་ཁེ་ལས་ཀྱིས་ངེས་པར་དུ་ཞབས་ཞུའི་སྤུས་ཚད་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་བདེ་འཇགས་ཀྱི་འགན་སྲུང་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་ནས་སྤྱོད་མཁན་ལ་མགྱོགས་མྱུར་དང་། ནོར་སྐྱོན་མེད་པ། ཉེན་མེད། སྟབས་བདེ་བཅས་ཀྱི་ཞབས་ཞུ་སྒྲུབ་དགོས།
སྦྲག་སྲིད་ཁེ་ལས་ཀྱིས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་བཞིན་སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུའི་འོས་འགན་སྒྲུབ་དགོས།
མྱུར་སྐྱེལ་ཁེ་ལས་ཀྱིས་མྱུར་སྐྱེལ་གྱི་ཞབས་ཞུ་སྒྲུབ་སྐབས་ངེས་པར་དུ་མྱུར་སྐྱེལ་ཞབས་ཞུའི་ཚད་གཞི་དང་མཐུན་པ་བྱེད་དགོས་པ་མ་ཟད། དེས་ཡོངས་བསྒྲགས་བྱས་པའི་ཞབས་ཞུའི་ཁས་ལེན་བཞིན་སྒྲུབ་ཐུབ་པ་བྱེད་དགོས།
དོན་ཚན་དགུ་པ། ཚན་པ་དང་མི་སྒེར་ལ་སྦྲག་སྲིད་ཀྱི་སྒྲིག་བཀོད་སྲུང་སྐྱོབ་དང་སྦྲག་སྲིད་འཕྲིན་གཏོང་སྐྱོན་མེད་ཤར་གཏོང་ཐུབ་པ་བྱེད་རྒྱུའི་འོས་འགན་ཡོད་ལ། སྦྲག་སྲིད་ཀྱི་སྒྲིག་བཀོད་གཏོར་སྐྱོན་གཏོང་རིགས་དང་སྦྲག་སྲིད་འཕྲིན་གཏོང་གི་བདེ་འཇགས་ལ་གནོད་སྐྱོན་གཏོང་བའི་བྱེད་སྤྱོད་རིགས་བཀག་འགོག་དང་ཐེར་འདོན་བྱེད་དབང་ཡང་ཡོད།
ལེའུ་གཉིས་པ། སྦྲག་སྲིད་ཀྱི་སྒྲིག་བཀོད།
དོན་ཚན་བཅུ་པ། སྦྲག་སྲིད་སྒྲིག་བཀོད་ཀྱི་བཀོད་སྒྲིག་དང་འཛུགས་སྐྲུན་བྱེད་རྒྱུ་དེ་ངེས་པར་དུ་སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུའི་ཚད་གཞི་དང་མཐུན་པ་བྱེད་དགོས་ཤིང་། སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུ་འགན་སྲུང་བྱེད་པའི་དགོས་མཁོ་སྐོང་དགོས་པ་མ་ཟད། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་དང་ཕན་ཚུན་འཚམ་ཐུབ་པ་བྱེད་དགོས།
དོན་ཚན་བཅུ་གཅིག་པ། སྦྲག་སྲིད་ཁེ་ལས་ཀྱིས་ངེས་པར་དུ་དེང་རབས་ཀྱི་ཚན་རིག་ལག་རྩལ་དང་དོ་དམ་བྱེད་ཐབས་སྤྱད་པ་དང་། སྦྲག་སྲིད་ཀྱི་དྲ་རྒྱ་དང་། སྦྲག་སྲིད་སྒྲིག་བཀོད། བདེ་འཇགས་འགན་སྲུང་། ཆ་འཕྲིན་བརྒྱུད་སྤྲོད་བྱེད་པ་བཅས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཐོག་ཡོངས་ཁྱབ་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་སྤྱི་ཚོགས་ཀྱི་སྦྲག་སྤྱོད་དགོས་མཁོ་སྐོང་ཐུབ་པ་བྱེད་དགོས།
དོན་ཚན་བཅུ་གཉིས་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཅིག་གྱུར་འཆར་འགོད་དང་། བཀོད་སྒྲིག་ལུགས་མཐུན། སྔོན་འགྲོ་འོས་འཚམ། སྦྲག་སྤྱོད་སྟབས་བདེ་བཅས་ཀྱི་རྩ་དོན་གཞིར་བཟུང་། སྦྲག་སྲིད་སྒྲིག་བཀོད་བཀོད་སྒྲིག་དང་འཛུགས་སྐྲུན་བྱེད་རྒྱུ་དེ་གྲོང་ཁྱེར་གྲོང་གསེབ་ཀྱི་འཆར་འགོད་དང་ས་ཆ་སྤྱོད་རྒྱུའི་སྤྱིའི་འཆར་འགོད་ནང་འཇུག་དགོས་པ་དང་། སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུ་བསྒྲུབ་རྒྱུའི་ཐད་ཀྱི་སྦྲག་སྲིད་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་རྒྱབ་སྐྱོར་བྱས་ནས་ས་མཐའ་ལུང་ཁུག་ཞིང་འབྲོག་ཁུལ་གྱི་སྦྲག་སྲིད་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་གཙོ་གནད་དུ་རོགས་སྐྱོར་བྱེད་དགོས།
དོན་ཚན་བཅུ་གསུམ་པ། གྲོང་ཁུལ་གསར་པ་དང་། གསར་སྤེལ་ཁུལ། རང་ཚུགས་བཟོ་གཏེར་ཁུལ། སྡོད་གནས་ཁུལ། དེ་བཞིན་གྲོང་ཁུལ་ཪྙིང་པ་བསྒྱུར་བཀོད་དང་ཤང་(གྲོང་ཚོ)འཛུགས་སྐྲུན་བྱེད་པར། ངེས་པར་དུ་གཅིག་གྱུར་འཆར་འགོད་ལྟར་དུས་མཉམ་དུ་ལེ་ལག་ཚང་སྒྲིག་གི་སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུ་སྒྲུབ་པའི་སྦྲག་སྲིད་སྒྲིག་བཀོད་འཛུགས་སྐྲུན་བྱེད་དགོས། གྲོང་ཁྱེར་བསྐྲུན་ཟིན་པའི་ཁུལ་དུ་སྦྲག་སྲིད་སྒྲིག་བཀོད་ཡོད་མུས་ཀྱིས་སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུའི་དགོས་མཁོ་སྐོང་མི་ཐུབ་ཚེ་ངེས་པར་དུ་རྒྱ་སྐྱེད་འཛུགས་སྐྲུན་ནམ་ཡང་ན་བསྐྱར་སྐྲུན་བྱེད་དགོས།
འཁོར་རིགས་ཆེ་གྲས་ཀྱི་འབབ་ཚུགས་དང་། གནམ་ཐང་། མཐོ་རིམ་སློབ་གྲྭ་ཆེ་ཁག མགྲོན་ཁང་། ཡུལ་སྐོར་མཛེས་ལྗོངས་ཁུལ(གནས་ལྗོངས)སོགས་སྤྱི་པའི་ཞབས་ཞུ་སྒྲུབ་ཡུལ་དུ་ངེས་པར་དུ་ལེ་ལག་ཚང་སྒྲིག་གི་སྦྲག་སྲིད་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་དགོས། ཆ་རྐྱེན་འཛོམས་པའི་ས་ཁུལ་ལ་ངེས་པར་དུ་སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུ་སྒྲུབ་པའི་སྦྲག་སྲིད་ཀྱི་ལས་གཉེར་བྱེད་ས་འཛུགས་དགོས།
དོན་ཚན་བཅུ་བཞི་པ། ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ། སྤྱི་ཚོགས་ཚོགས་པ་བཅས་ཀྱིས་ངེས་པར་དུ་སྦྲག་བསྐུར་བསྡུ་ལེན་བྱེད་ས་འཛུགས་དགོས།
རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཤང་(གྲོང་རྡལ)ཡོད་སར་སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུ་སྒྲུབ་ས་འཛུགས་དགོས་པ་དང་། གལ་ཏེ་བཙུགས་མེད་ཚེ་སྦྲག་སྲིད་ཁེ་ལས་ཀྱིས་ངེས་པར་དུ་ཤང་(གྲོང་རྡལ)མི་དམངས་སྲིད་གཞུང་དང་སྦྲག་བསྐུར་བསྡུ་སྐྱེལ་ཡག་པོ་བྱེད་རྒྱུའི་གྲོས་དན་འཇོག་དགོས།
རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཆ་རྐྱེན་འཛོམས་པའི་གྲོང་ཚོར་གྲོང་ཚོའི་སྦྲག་སྐུར་ས་ཚུཌ་རིམ་པས་འཛུགས་དགོས་པ་དང་། གལ་ཏེ་བཙུགས་མེད་ཚེ་ཞིང་འབྲོག་ཁུལ་གྱི་ཡུལ་མི་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་སྦྲག་བསྐུར་བསྡུ་ལེན་བྱེད་ས་གསལ་པོ་བཟོས་ཐོག གྲོང་ཚོ་དེ་གའི་སྦྲག་སྐུར་གྱི་བསྡུ་ལེན་ཚབ་སྤྲོད་བྱེད་འགན་འཁུར་དགོས།
དོན་ཚན་བཅོ་ལྔ་པ། སྦྲག་སྐུར་ཐག་གཅོད་བྱེད་ས་ཇུས་འགོད་དང་འཛུགས་སྐྲུན་བྱེད་པར་ངེས་པར་དུ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་དང་འགག་སྒོས་ཁྲིམས་བཞིན་འགན་འཁྲི་སྒྲུབ་དགོས་པའི་བླང་བྱ་དང་མཐུན་དགོས།
དོན་ཚན་བཅུ་དྲུག་པ། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་སྡོད་ཁང་ལ་ངེས་པར་དུ་སྦྲག་སྐུར་གཏོང་སྐྱེལ་བྱེད་བདེ་སར་སྤྱོད་མཁན་མི་གྲངས་དང་ཆ་མཚུངས་པའི་སྦྲག་སྲིད་ཀྱི་འཕྲིན་ཡིག་དང་ཚགས་པར་འཇུག་སྒམ(ཁྱུ་ཚོགས)གསར་འཛུགས་བྱེད་དགོས། སྦྲག་སྲིད་ཀྱི་འཕྲིན་ཡིག་དང་ཚགས་པར་འཇུག་སྒམ(ཁྱུ་ཚོགས)བསྒར་རྒྱུ་དེ་ཨར་སྐྲུན་ལས་གྲྭའི་གཅིག་གྱུར་འཆར་འགོད་ནང་འཇུག་དགོས་ཤིང་། དེའི་བཟོ་འཛུགས་དང་བསྒར་སྒྲིག་བྱེད་རྒྱུའི་གྲོན་དངུལ་རྣམས་འཛུགས་སྐྲུན་རྣམ་གྲངས་ཀྱི་སྤྱིའི་སྔོན་རྩིས་ནང་འཇུག་དགོས་པ་དང་། ཇུས་འགོད་ཚན་པས་ངེས་པར་དུ་རྒྱལ་ཁབ་ནས་གཏན་འབེབས་བྱས་པའི་ཚད་གཞི་གཞིར་བཟུང་ཇུས་འགོད་བྱེད་དགོས་པ། འཛུགས་སྐྲུན་ཚན་པས་ངེས་པར་དུ་རྒྱལ་ཁབ་ནས་གཏན་འབེབས་བྱས་པའི་ཚད་གཞི་གཞིར་བཟུང་འཕྲིན་ཡིག་དང་ཚགས་པར་འཇུག་སྒམ(ཁྱུ་ཚོགས)བསྒར་སྒྲིག་བྱེད་དགོས་པ་མ་ཟད། ལས་གྲྭ་ཨ་མ་དང་དུས་མཉམ་དུ་ཨར་སྐྲུན་དང་ཞིབ་བཤེར་རྩིས་ལེན་བྱེད་དགོས་པ། སྦྲག་སྲིད་འཕྲིན་ཡིག་དང་ཚགས་པར་འཇུག་སྒམ(ཁྱུ་ཚོགས)ཞིབ་བཤེར་རྩིས་ལེན་བྱས་པའི་དཔྱད་ཡིག་དེ་ངེས་པར་དུ་ལས་གྲྭ་མཇུག་སྒྲིལ་བའི་ཞིབ་བཤེར་རྩིས་ལེན་ཚད་ལོན་བྱུང་ཉིན་ནས་བཟུང་གི་ཉིན་15ནང་ཚུན་དུ་སྦྲག་སྲིད་དོ་དམ་ལས་ཁུངས་ལ་སྙན་ཐོ་དཔོ་དགོས། གཏན་འབེབས་ལྟར་འཕྲིན་ཡིག་དང་ཚགས་པར་འཇུག་སྒམ(ཁྱུ་ཚོགས)བསྒར་སྒྲིག་བྱས་མེད་རིགས་ལ། སྦྲག་སྲིད་དོ་དམ་ལས་ཁུངས་ཀྱིས་འཛུགས་སྐྲུན་ཚན་པར་དུས་བཀག་ནང་བསྒར་སྒྲིག་བྱེད་དུ་འཇུག་རྒྱུ་དང་། དེར་དགོས་པའི་གྲོན་དངུལ་རྣམས་འཛུགས་སྐྲུན་ཚན་པས་འགན་འཁུར་དགོས།
གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་སྡོད་ཁང་བསྐྲུན་ཟིན་ནས་སྤྱོད་བཞིན་པའི་རིགས་ལ་སྦྲག་སྲིད་ཀྱི་འཕྲིན་ཡིག་དང་ཚགས་པར་འཇུག་སྒམ(ཁྱུ་ཚོགས)བསྒར་མེད་ཚེ། བདག་དབང་ཡོད་མཁན་ནམ་ཡང་ན་དེའི་ཚབ་བྱེད་མཁན་སྡེ་ལས་དོ་དམ་ཚན་པས་ངེས་པར་དུ་གསབ་སྐྲུན་བྱེད་འགན་འཁུར་དགོས་པ་དང་། དུས་བཀག་ལས་བརྒལ་ཡང་གསབ་སྐྲུན་བྱས་མེད་ཚེ། སྦྲག་སྲིད་དོ་དམ་ལས་ཁུངས་ཀྱིས་ཚན་པ་གཞན་དག་དམིགས་འཛུགས་བྱས་ཏེ་སྦྲག་སྲིད་ཀྱི་འཕྲིན་ཡིག་དང་ཚགས་པར་འཇུག་སྒམ(ཁྱུ་ཚོགས)བསྒར་དུ་འཇུག་རྒྱུ་དང་། དེར་དགོས་པའི་གྲོན་དངུལ་རྣམས་གྲོང་མིའི་སྡོད་ཁང་དེ་གའི་བདག་དབང་ཡོད་མཁན་ནམ་ཡང་ན་དེས་མངག་བཅོལ་བྱས་པའི་སྡེ་ལས་དོ་དམ་ཚན་པས་གཏོང་རྒྱུའི་འགན་འཁུར་དགོས།
བདག་དབང་ཡོད་མཁན་ནམ་ཡང་ན་དེས་མངག་བཅོལ་བྱས་པའི་སྡེ་ལས་དོ་དམ་ཚན་པས་ངེས་པར་དུ་སྦྲག་སྲིད་ཀྱི་འཕྲིན་ཡིག་དང་ཚགས་པར་འཇུག་སྒམ(ཁྱུ་ཚོགས)ལ་བདག་སྐྱོང་དང་དོ་དམ་བྱེད་འགན་འཁུར་དགོས།
དོན་ཚན་བཅུ་བདུན་པ། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་བྱས་པ་སོགས་ཀྱི་རྐྱེན་པས་སྦྲག་སྲིད་ལས་གཉེར་བྱེད་སའམ་ཡང་ན་སྦྲག་སྐུར་ཐག་གཅོད་བྱེད་ས་བསྡུ་ལེན་བྱེད་དགོས་ངེས་བྱུང་ཚེ། འཛུགས་སྐྲུན་ཚན་པས་ངེས་པར་དུ་སྔར་ཡོད་གཞི་ཁྱོན་ལས་མ་ཆུང་བའི་ཐོག་ནས་དེ་སྔའི་ས་ཆར་གསར་འཛུགས་བྱེད་པའམ་ཡང་ན་ཐག་ཉེ་སར་བསྐྱར་སྐྲུན་བྱེད་དགོས། དེ་སྔའི་ས་ཆར་གསར་འཛུགས་བྱེད་མི་ཐུབ་པའམ་ཡང་ན་ཐག་ཉེ་སར་བསྐྱར་སྐྲུན་བྱེད་མི་ཐུབ་ཚེ། ས་གནས་དེ་གའི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ས་ཆ་གང་འཚམ་ཞིག་མཁོ་འདོན་བྱེད་པའམ་ཡང་ན་ས་ཆ་ལོགས་སུ་སྤྲད་ནས་བསྐྱར་སྐྲུན་བྱེད་དགོས། གསར་སྐྲུན་བྱས་པའི་སྦྲག་སྲིད་ལས་གཉེར་ཁང་དང་སྦྲག་སྐུར་ཐག་གཅོད་བྱེད་ས་རྩིས་སྤྲོད་བེད་སྤྱོད་མ་བྱས་གོང་འཛུགས་སྐྲུན་ཚན་པས་ངེས་པར་དུ་བར་བརྒལ་གྱི་ལས་གཉེར་བྱེད་ས་བཀོད་སྒྲིག་བྱས་ཏེ། སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུ་རྒྱུན་གཏན་ལྟར་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས།
ཡིག་སྒམ་དང་སྦྲག་སྲིད་ཀྱི་ཚགས་པར་དང་དུས་དེབ་ཀྱི་ཁང་པ་གནས་སྤོ་བྱེད་དགོས་ངེས་ཡིན་ཚེ། ངེས་པར་དུ་མང་ཚོགས་ཀྱིས་སྦྲག་སྐུར་སྤྱོད་བདེའི་ས་ཆར་སྤོ་དགོས།
གསར་འཛུགས་བྱས་པའི་སྦྲག་སྲིད་ཀྱི་སྒྲིག་བཀོད་ཡིན་ཕྱིན་སྦྲག་སྲིད་ཁེ་ལས་ཀྱིས་ངེས་པར་དུ་ས་གནས་དེ་གའི་སྦྲག་སྲིད་དོ་དམ་ལས་ཁུངས་ལ་སྙན་ཐོ་དཔོ་དགོས།
དོན་ཚན་བཅོ་བརྒྱད་པ། སྦྲག་སྲིད་ཁེ་ལས་ཀྱིས་ངེས་པར་དུ་སྦྲག་སྲིད་སྒྲིག་བཀོད་རྒྱུན་གཏན་བཞིན་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས་པ་ལས་སྦྲག་སྲིད་སྒྲིག་བཀོད་བེད་སྤྱོད་བྱེད་པའི་ངོ་བོར་རང་དགར་བརྗེ་འགྱུར་བྱེད་མི་ཆོག
གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྦྲག་སྲིད་སྒྲིག་བཀོད་ལ་ངེས་པར་དུ་སྦྲག་སྲིད་ཀྱི་གཅིག་གྱུར་མཚོན་རྟགས་འགོད་དགོས།
དོན་ཚན་བཅུ་དགུ་པ། ས་མིང་དོ་དམ་སྡེ་ཚན་གྱིས་བཙུགས་པའི་གྲོང་ཁྱེར་གྱི་ཁྲོམ་གཞུང་དང་། ཤང་(གྲོང་རྡལ)གྲོང་ཚོ་བཅས་གནས་ཡུལ་གྱི་མིང་དང་སྒོ་བྱང་ལ་ངེས་པར་དུ་སྦྲག་སྲིད་ཨང་གྲངས་འགོད་དགོས།
ས་མིང་དང་སྒོ་བྱང་ཨང་གྲངས་བརྗེ་འགྱུར་བྱེད་སྐབས། རིམ་ཁག་ས་མིང་དོ་དམ་སྡེ་ཚན་གྱིས་ངེས་པར་དུ་ས་གནས་དེ་གའི་སྦྲག་སྲིད་ཁེ་ལས་ལ་དུས་ཐོག་ཏུ་བརྡ་ཐོ་གཏོང་དགོས།
ལེའུ་གསུམ་པ། སྦྲག་སྲིད་ཀྱི་ཞབས་ཞུ།
དོན་ཚན་ཉི་ཤུ་པ། སྦྲག་སྲིད་ཁེ་ལས་ཀྱིས་སྤྱོད་མཁན་ལ་ཡོངས་ཁྱབ་ཞབས་ཞུ་སྒྲུབ་སྐབས་ངེས་པར་དུ་སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུའི་ཚད་གཞི་གཞིར་བཟུང་ལག་བསྟར་བྱེད་དགོས།
སྦྲག་སྲིད་ཁེ་ལས་ཀྱིས་ངེས་པར་དུ་ལས་གཉེར་བྱེད་ས་དེ་གའི་ཞབས་ཞུའི་སྣ་རིགས་དང་། ལས་གཉེར་གྱི་དུས་ཚོད། རིན་བསྡུའི་ཚད་གཞི། སྦྲག་སྐུར་དང་བསྐུར་དངུལ་བཅས་ཀྱི་འདྲི་རྩད་དང་གྱོང་གུན་གསབ་ཐབས་དང་། དེ་བཞིན་བྱེད་མི་ཆོག་པའམ་ཡང་ན་ཚད་བཀག་བཟོས་པའི་སྦྲག་སྐྱེལ་དངོས་རྫས་ཀྱི་གཏན་འབེབས་དང་སྤྱོད་མཁན་གྱིས་དེའི་ཞབས་ཞུའི་སྤུས་ཚད་ལ་ཞུ་སྦྱོར་བྱེད་ཐབས་ཡོངས་བསྒྲགས་བྱེད་དགོས།
སྦྲག་སྲིད་ཁེ་ལས་ཀྱིས་ངེས་པར་དུ་དེས་མཁོ་འདོན་བྱེད་རྒྱུའི་སྦྲག་སྐུར་གསལ་ཐོའི་མངོན་གསལ་དོད་སར་སྤྱོད་མཁན་གྱི་ཁེ་དབང་ལ་གནོད་བཟོ་ཡོད་པའི་འབྲེལ་ཡོད་ནང་དོན་གསལ་པོ་འབྲི་དགོས།
དོན་ཚན་ཉེར་གཅིག་པ། སྦྲག་སྲིད་ཁེ་ལས་ཀྱིས་སྦྲག་བསྐུར་སྐྱེལ་གཏོང་བྱེད་སྐབས་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་སྦྲག་སྲིད་དོ་དམ་སྡེ་ཚན་ནས་གཏན་འབེབས་བྱས་པའི་སྦྲག་སྐྱེལ་དུས་ཚད་དང་ཞབས་ཞུའི་ཚད་གཞིར་མཐུན་དགོས་པ་ལས་སྦྲག་བསྐུར་གསོག་ཉར་བྱེད་མི་ཆོག
ཤང་(གྲོང་རྡལ)མི་དམངས་སྲིད་གཞུང་གནས་སའི་སྦྲག་སྲིད་ལས་གཉེར་དྲ་ཚུགས་ཀྱིས་གཟའ་འཁོར་རེའི་ལས་གཉེར་དུས་ཚོད་དེ་ངེས་པར་དུ་ཉིན་གྲངས་5ལས་མི་ཉུང་བ་བྱེད་དགོས་པ་དང་། གཟའ་འཁོར་རེར་ཉུང་མཐར་ཡང་སྦྲག་བསྐུར་ཐེངས་5རེ་གཏོང་དགོས།
དོན་ཚན་ཉེར་གཉིས་པ། སྦྲག་སྲིད་ཁེ་ལས་ཀྱིས་འགྲིམ་འགྲུལ་སྟབས་བདེ་མེད་པའི་ས་མཐའ་ལུང་ཁུག་ཞིང་འབྲོག་ཁུལ་དུ་གཟའ་འཁོར་རེའི་ལས་གཉེར་བྱེད་པའི་དུས་ཚོད་དང་སྦྲག་ཐོག་བསྐུར་མ་སྐྱེལ་སྤྲོད་བྱེད་པའི་ཐེངས་གྲངས་ནི་རང་སྐྱོང་ལྗོངས་སྦྲག་སྲིད་དོ་དམ་ལས་ཁུངས་ཀྱིས་བཟོས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་སྦྲག་སྲིད་དོ་དམ་སྡེ་ཚན་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་སྒྲིག་འཛུགས་ལག་བསྟར་བྱེད་རྒྱུ།
དོན་ཚན་ཉེར་གསུམ་པ། སྦྲག་སྲིད་ཁེ་ལས་ཀྱིས་ངེས་པར་དུ་ཁྲིམས་ལྟར་བསྐུར་མ་སྐུར་ལེན་ཐད་ཀྱི་ལྟ་བཤེར་བྱེད་ལམ་འཛུགས་དགོས་པ་མ་ཟད་ལག་བསྟར་བྱེད་དགོས།
སྦྲག་སྲིད་ཁེ་ལས་ཀྱིས་བསྐུར་མ་སྐུར་ལེན་བྱེད་པའི་བརྒྱུད་རིམ་ནང་དངོས་རིགས་སྐུར་ལེན་བྱེད་མཁན་གྱིས་རྒྱལ་ཁབ་ནས་སྐུར་མི་ཆོག་པ་བཟོས་པའི་དངོས་རིགས་སྐུར་བ་ཤེས་རྟོགས་བྱུང་ཚེ་ངེས་པར་དུ་སྐུར་ལེན་བྱེད་རྒྱུ་མེད། སྐུར་ལེན་བྱས་ཟིན་པའི་སྦྲག་བསྐུར་ནང་གོང་གསལ་དངོས་རིགས་ཡོད་པ་ཤེས་རྟོགས་བྱུང་ཚེ། སྦྲག་སྲིད་ཁེ་ལས་ཀྱིས་ངེས་པར་དུ་བརྒྱུད་སྤྲོད་དང་སྐྱེལ་སྤྲོད་བྱེད་མཚམས་འཕྲལ་མར་འཇོག་དགོས། དེའི་ནང་ནས་ཁྲིམས་ལྟར་གཞུང་བཞེས་གཏོང་དགོས་པའམ་ཡང་ན་མེད་པ་བཟོ་དགོས་པའི་དངོས་རིགས་ཡོད་ཚེ། སྦྲག་སྲིད་ཁེ་ལས་ཀྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་ལ་འཕྲལ་མར་སྙན་སེང་ཞུ་དགོས་པ་མ་ཟད། འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་ཐག་གཅོད་བྱེད་དགོས།
བསྐུར་མ་སྐུར་སྐྱེལ་བྱེད་མཁན་གྱིས་ངེས་པར་དུ་བསྐུར་མི་ཆོག་པ་བཟོ་རྒྱུའམ་ཡང་ན་བསྐུར་རྒྱུར་ཚད་བཀག་བཟོ་རྒྱུའི་སྐོར་གྱི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས་པ་ལས། བསྐུར་ལམ་སྤྱད་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་པའི་བདེ་འཇགས། དེ་བཞིན་སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག
དོན་ཚན་ཉེར་བཞི་པ། ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ། སྤྱི་ཚོགས་ཚོགས་པའི་གཏོང་ལེན་མི་སྣ་བཅས་དང་། དེ་བཞིན་སྦྲག་བསྐུར་ཚབ་ལེན་བྱེད་ཚུགས། གྲོང་མི་ཨུ་ཡོན་ལྷན་ཁང་ནས་དམིགས་འཛུགས་བྱས་པའི་སྦྲག་བསྐུར་ཚབ་ལེན་བྱེད་མཁན་གྱིས་སྦྲག་སྲིད་ཁེ་ལས་ནས་བསྐུར་རྒྱུར་སྤྲད་པའི་སྦྲག་བསྐུར་རྩིས་ལེན་སྐབས། ངེས་པར་དུ་རང་སར་ཞིབ་བསྡུར་དང་མིང་འགོད་རྩིས་ལེན་བྱེད་དགོས་པ་མ་ཟད། སྦྲག་བསྐུར་བདག་ཉར་དང་། དུས་ཐོག་ཏུ་བརྒྱུད་སྤྲོད། གསང་སྲུང་བཅས་བྱེད་པའི་འོས་འགན་ཡང་ཡོད། བརྒྱུད་སྤྲོད་བྱེད་ཐབས་བྲལ་བའམ་ཡང་ན་ལེན་ནོར་ཤོར་བའི་སྦྲག་བསྐུར་རིགས་ངེས་པར་དུ་སྦྲག་སྲིད་ཁེ་ལས་ཀྱིས་ཐག་གཅོད་བྱེད་དགོས་པའི་བརྡ་ཐོ་འཕྲལ་མར་གཏོང་དགོས།
དོན་ཚན་ཉེར་ལྔ་པ། ཚན་པའམ་ཡང་ན་མི་སྒེར་སུ་འདྲ་ཞིག་ལ་གཤམ་གསལ་གྱི་བྱེད་སྤྱོད་རིགས་ཡོད་མི་ཆོག་པ་སྟེ།
(གཅིག)ཆོག་མཆན་མ་ཐོབ་པར་སྦྲག་འཛིན་དང་སྦྲག་གླའི་པར་རིས་འདྲ་བཟོ་དང་པར་སློག་རྒྱག་པ་དང་།
(གཉིས)སྦྲག་གླའི་དཔང་འཛིན་རྫུན་བཟོ་དང་སྒྱུར་བཟོ་བྱེད་པ།
(གསུམ)མི་གཞན་གྱི་སྦྲག་བསྐུར་གྱི་ཁ་ཕྱེ་བ་དང་། སྦས་སྐུང་བྱེད་པ། དབྲལ་ནས་དབྱུག་པ་བཅས་བྱེད་པ།
(བཞི)སྦྲག་སྲིད་ཀྱི་ཆེད་མིང་རང་དགར་སྤྱོད་པ་དང་། སྦྲག་སྲིད་ཀྱི་ཆེད་སྤྱོད་མཚོན་རྟགས་དང་། ཆེད་སྤྱོད་ཡོ་བྱད། ཆེད་སྤྱོད་དངོས་པོ་བཅས་རྫུན་བཟོ་བྱེད་པའམ་ཡང་ན་གཡོ་སྤྱོད་བྱེད་པ། (ལྔ)ཡིག་ཟམ(སྒམ)དང་། སྦྲག་སྲིད་ཚགས་དེབ་ཁང་། སྦྲག་སྲིད་ཚགས་ཡིག་འཇུག་སྒམ། སྦྲག་རྟགས་ཨང་གྲངས་བྱང་བུ་སོགས་སྦྲག་སྲིད་སྒྲིག་བཀོད་གཏོར་སྐྱོན་གཏོང་བའམ་ཡང་ན་རང་དགར་སྤོ་བ་དང་། ཡིག་ཟམ(སྒམ)དང་། སྦྲག་སྲིད་ཚགས་ཡིག་འཇུག་སྒམ་རང་དགར་ཁ་ཕྱེ་བ་དང་སྒོ་སྡོམ་རྒྱག་པ།
(དྲུག)ཁྲིམས་དང་མ་མཐུན་པར་སྦྲག་སྐྱེལ་འཁོར་རིཌ་བཀག་པ།
(བདུན)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་འཁོད་བྱེད་མི་ཆོག་པའི་བྱེད་སྤྱོད་གཞན་དག་བཅས་སོ།
དོན་ཚན་ཉེར་དྲུག་པ། སྤྱོད་མཁན་ལ་སྦྲག་བསྐུར་གྱི་བྱུང་འཛིན་རྩིས་སྤྲད་རྗེས། སྤྱོད་མཁན་གྱིས་རྒྱལ་ནང་གི་སྦྲག་བསྐུར་རིགས་རྩིས་སྤྲོད་བྱས་ཉིན་ནས་བཟུང་ལོ་གཅིག་གི་ནང་ཚུན་དུ་བྱུང་འཛིན་འཁྱེར་ནས་སྦྲག་སྲིད་ཁེ་ལས་ལ་འདྲི་རྩད་བྱེད་ཆོག་པ་དང་། རྒྱལ་སྤྱིའི་སྦྲག་བསྐུར་རིགས་རྩིས་སྤྲོད་བྱས་ཉིན་ནས་བཟུང་ཉིན་བརྒྱ་དང་བརྒྱད་ཅུའི་ནང་ཚུན་དུ་བྱུང་འཛིན་འཁྱེར་ནས་སྦྲག་སྲིད་ཁེ་ལས་ལ་འདྲི་རྩད་བྱེད་ཆོག སྦྲག་ཐོག་ནས་དངུལ་བསྐུར་མིས་དངུལ་བསྐུར་བའི་ཉིན་ནས་བཟུང་ལོ་གཅིག་གི་ནང་ཚུན་དུ་བྱུང་འཛིན་འཁྱེར་ནས་སྦྲག་སྲིད་ཁེ་ལས་ལ་འདྲི་རྩད་བྱེད་ཆོག སྦྲག་སྲིད་ཁེ་ལས་ཀྱིས་ངེས་པར་དུ་གླ་རིན་མི་དགོས་པར་འདྲི་རྩད་བྱེད་འགན་འཁུར་དགོས་པ་མ་ཟད། ཁྲིམས་ལྟར་འདྲི་རྩད་བྱས་འབྲས་ཡིག་ཐོག་གམ་ཡང་ན་བྱེད་སྟངས་གཞན་གྱི་ཐོག་ནས་འདྲི་རྩད་བྱེད་མཁན་ལ་བརྡ་ཐོ་གཏོང་དགོས།
དོན་ཚན་ཉེར་བདུན་པ། སྦྲག་སྲིད་ཁེ་ལས་ཀྱིས་རྐང་བཙུགས་སམ་ཡང་ན་འགལ་འཛོལ་ཆེ་རིགས་བྱུང་རྐྱེན་སྦྲག་བསྐུར་དཀྱུས་མའི་གྱོང་གུན་བཟོས་པ་ཕུད། སྦྲག་སྲིད་ཁེ་ལས་ཀྱིས་སྦྲག་བསྐུར་དཀྱུས་མའི་གྱོང་གུན་ཕོག་པར་གུན་གསབ་སྤྲོད་འགན་འཁུར་མི་དགོས།
དོན་ཚན་ཉེར་བརྒྱད་པ། བྱུང་འཛིན་སྤྲད་པའི་སྦྲག་བསྐུར་བོར་བརླག་སོང་བ་དང་། སྐྱོན་ཤོར་བ། ཁ་གྲངས་མི་ཚང་བ་བཅས་བྱུང་ཚེ། སྦྲག་སྲིད་ཁེ་ལས་ཀྱིས་ངེས་པར་དུ་འཕྲལ་མར་གྱོང་གུན་གསབ་ཐབས་སྤྱད་དེ་ཁྲིམས་ལྟར་སྐྱིན་ཚབ་འཇལ་འགན་འཁུར་དགོས།
དོན་ཚན་ཉེར་དགུ་པ། སྦྲག་སྲིད་ཁེ་ལས་ཀྱིས་ངེས་པར་དུ་གློ་བུར་གྱི་དོན་རྐྱེན་འཕྲལ་སྡོམ་བྱེད་པའི་སྔོན་ཇུས་བཟོ་དགོས། གློ་བུར་གྱི་དོན་རྐྱེན་ཐོན་པའི་རྐྱེན་གྱིས་ཞབས་ཞུ་སྒྲུབ་མ་ཐུབ་པའི་སྐབས་སུ་སྦྲག་སྲིད་ཁེ་ལས་ཀྱིས་ངེས་པར་དུ་འཕྲལ་སྡོམ་སྔོན་ཇུས་གཞིར་བཟུང་འཕྲལ་མྱུར་ཐག་གཅོད་བྱ་ཐབས་སྤྱོད་དགོས་པ་མ་ཟད། ས་གནས་དེ་གའི་མི་དམངས་སྲིད་གཞུང་དང་སྦྲག་སྲིད་དོ་དམ་ལས་ཁུངས་ལ་སྙན་སེང་ཞུ་དགོས།
སྦྲག་སྲིད་ཁེ་ལས་ཀྱིས་ངེས་པར་དུ་ས་གནས་དེ་གའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་གནས་ཡུལ་གྱི་སྦྲག་སྲིད་ཞབས་ཞུའི་ཐད་ཀྱི་གློ་བུར་གྱི་དོན་རྐྱེན་རོགས་སྐྱོབ་དང་ཐག་གཅོད་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས།
རང་བྱུང་གི་གནོད་འཚེ་དང་། སྤྱི་ཚོགས་ཀྱི་དོན་རྐྱེན། ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ། གཉེར་སྐྱོང་ཡག་པོ་མ་བྱུང་བ་སོགས་ཀྱི་རྐྱེན་པས་སྦྲག་བསྐུར་འགག་གསོག་ཐེབས་པའམ་ཡང་ན་ཐེབས་ཉེན་ཡོད་རིགས་ལ་སྦྲག་སྲིད་ཁེ་ལས་ཀྱིས་ངེས་པར་དུ་དབོར་འདྲེན་བྱེད་ནུས་སྒྲིག་འཛུགས་དང་བཀོད་སྒྲིག་བྱས་ཏེ་ཤར་གཏོང་ནུས་ལྡན་ཐུབ་པ་བྱེད་དགོས།
དོན་ཚན་སུམ་ཅུ་པ། སྦྲག་སྲིད་ཁེ་ལས་ཀྱིས་ངེས་པར་དུ་ཞབས་ཞུའི་སྤུས་ཚད་དོ་དམ་ལམ་ལུགས་གསར་འཛུགས་དང་འཐུས་སྒོ་ཚང་དུ་བཏང་ནས་སྤྱོད་མཁན་གྱི་ལྟ་སྐུལ་ཡིག་སྒམ་འཛུགས་པ་དང་ལྟ་སྐུལ་གྱི་ཁ་པར་ཨང་གྲངས་ཁྱབ་བསྒྲགས་བྱས་ནས་སྦྲག་སྲིད་ཁེ་ལས་ཀྱི་ཞབས་ཞུའི་སྤུས་ཚད་ཐད་ལ་སྤྱི་ཚོགས་དང་སྤྱོད་མཁན་གྱིས་ལྟ་སྐུལ་བྱས་པ་དང་ལེན་ཞུ་དགོས།
སྦྲག་སྲིད་ཁེ་ལས་ལ་སྤྱོད་མཁན་གྱི་ཞུ་སྦྱོར་འབྱོར་ཚེ། ངེས་པར་དུ་ཞུ་སྦྱོར་འབྱོར་བའི་ཉིན་ནས་བཟུང་ཉིན་30ཡི་ནང་ཚུན་དུ་ཐག་གཅོད་བྱས་འབྲས་སྤྱོད་མཁན་ལ་ལན་འདེབས་དགོས།
སྤྱོད་མཁན་གྱིས་ཐག་གཅོད་བྱས་འབྲས་ལ་བསམ་འཆར་མི་འདྲ་བ་ཡོད་ཚེ་སྦྲག་སྲིད་དོ་དམ་ལས་ཁུངས་ལ་ཞུ་འབུལ་བྱས་ཆོག སྦྲག་སྲིད་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་ཞུ་འབུལ་འབྱོར་ཉིན་ནས་བཟུང་ཉིན་30ཡི་ནང་ཚུན་དུ་ལན་འདེབས་དགོས།
དོན་ཚན་སོ་གཅིག་པ། སྦྲག་སྲིད་ཁེ་ལས་དང་དེའི་ལས་བྱར་གཤམ་གསལ་གྱི་བྱེད་སྤྱོད་ཡོད་མི་ཆོག་པ་སྟེ།
(གཅིག)སྦྲག་སྲིད་ཡོངས་ཁྱབ་ཞབས་ཞུའི་ལས་སྒོ་དང་དམིགས་བསལ་ཞབས་ཞུའི་ལས་སྒོ་རང་དགར་མཚམས་བཞག་པའམ་ཚོད་འཛིན་བྱེད་པ་དང་།
(གཉིས)སྤྱོད་མཁན་ལ་བཙན་ཤེད་ཀྱིས་སྦྲག་སྲིད་ལས་སྒོ་སྤྱོད་དུ་འཇུག་པ།
(གསུམ)སྦྲག་བསྐུར་སྐྱེལ་སྤྲོད་བྱེད་རྒྱུ་རྐང་བཙུགས་ནས་ནར་འགྱངས་གཏོང་བ།
(བཞི)སྤྱོད་མཁན་ལ་གོ་ཆོད་སྦྲག་གླའི་དཔང་འཛིན་སྦྱར་ནས་སྦྲག་བསྐུར་བྱེད་དུ་མི་འཇུག་པ།
(ལྔ)སྦྲག་སྲིད་ཀྱི་རིན་བསྡུའི་ཚད་གཞི་རང་དགར་སྒྱུར་བའམ་ཡང་ན་རིན་བསྡུའི་རྣམ་གྲངས་མང་དུ་གཏོང་བ།
(དྲུག)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་འཁོད་བྱེད་མི་ཆོག་པའི་བྱེད་སྤྱོད་གཞན་དག་བཅས་སོ།
དོན་ཚན་སོ་གཉིས་པ། འགོག་ཐབས་མེད་པའི་གནས་ཚུལ་ལམ་ཡང་ན་དམིགས་བསལ་རྒྱུ་རྐྱེན་གྱི་རྐྱེན་པས་གནས་སྐབས་རིང་སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུའི་ལས་སྒོ་གཉེར་མཚམས་འཇོག་དགོས་པའམ་ཡང་ན་ཚད་བཀག་བཟོ་དགོས་པ་བྱུང་ཚེ། སྦྲག་སྲིད་ཁེ་ལས་ཀྱིས་ངེས་པར་དུ་འཕྲལ་མར་སྤྱི་བསྒྲགས་སྤེལ་དགོས་པ་དང་། སྐྱོན་སེལ་བྱ་ཐབས་སྤྱོད་དགོས་པ་མ་ཟད། རང་སྐྱོང་ལྗོངས་སྦྲག་སྲིད་དོ་དམ་ལས་ཁུངས་ལ་སྙན་སེང་ཞུ་དགོས།
ལེའུ་བཞི་པ། སྦྲག་སྲིད་ཀྱི་འགན་སྲུང་།
དོན་ཚན་སོ་གསུམ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་རང་སྐྱོང་ལྗོངས་སྦྲག་སྲིད་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཐོབ་པ་བྱས་ཏེ་ས་མཐའ་ལུང་ཁུག་ཁུལ་གྱི་སྦྲག་སྲིད་ཞབས་ཞུའི་ལས་དོན་འགན་སྲུང་ཐུབ་པ་བྱེད་དགོས།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུ་དང་དམིགས་བསལ་ཞབས་ཞུའི་ཁ་གསབ་སྤྲོད་ལམ་གསར་འཛུགས་དང་ཚགས་ཚུད་དུ་བཏང་ཐོག སྦྲག་སྲིད་ཁེ་ལས་ལ་ཡོངས་ཁྱབ་ཞབས་ཞུ་དང་དམིགས་བསལ་ཞབས་ཞུའི་ཁ་གསབ་སྤྲོད་རྒྱུ།
སྦྲག་སྲིད་ཁེ་ལས་ཀྱིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ནས་སྤྲད་པའི་ཡོངས་ཁྱབ་ཞབས་ཞུའི་ཁ་གསབ་དེ་ངེས་པར་དུ་མཐའ་མཚམས་ལུང་ཁུག་གི་ཞིང་འབྲོག་ཁུལ་ལ་འཕར་གཟིགས་བྱེད་དགོས།
དོན་ཚན་སོ་བཞི་པ། ཁེ་གཉེར་རང་བཞིན་མིན་པའི་སྦྲག་སྲིད་སྒྲིག་བཀོད་ཐད་སྤྱོད་རྒྱུའི་ས་ཆ་དེ་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་ཕན་བྱ་གཞག་འཛུགས་སྐྱོང་གི་རྣམ་གྲངས་ཐད་སྤྱོད་རྒྱུའི་ས་ཆའི་སྐོར་གྱི་གཏན་འབེབས་གཞིར་བཟུང་། འཛུགས་སྐྲུན་ཚན་པས་རེ་ཞུ་ཕུལ་ནས་ཆོག་མཆན་སྤྲོད་དབང་ཡོད་པའི་མི་དམངས་སྲིད་གཞུང་ནས་ཆོག་མཆན་སྤྲད་རྗེས། བཅད་སྤྲོད་ཀྱི་རྣམ་པའི་ཐོག་ནས་ས་ཆ་སྤྱོད་དབང་གཏན་འཁེལ་བྱེད་རྒྱུ་མ་ཟད། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ལེ་ལག་རིན་དངུལ་རྩ་ཆག་གཏོང་རྒྱུ།
ཡིག་ཟམ(སྒམ)དང་ས་ཆ་བཟུང་ཁྱོན་སྨི་ངོས་གྲུ་མ་6ནང་ཚུན་གྱི་སྦྲག་སྲིད་ཚགས་དེབ་ཁང་སོགས་སྦྲག་སྲིད་ཞབས་ཞུའི་སྒྲིག་བཀོད་ལ་གྲོང་ཁྱེར་གྱི་རྒྱ་ལམ་བཟུང་སྤྱོད་རིན་དངུལ་རྩ་ཆག་གཏོང་རྒྱུ།
དོན་ཚན་སོ་ལྔ་པ། སྦྲག་སྲིད་ཀྱི་ཆེད་སྤྱོད་མཚོན་རྟགས་ཡོད་པ་མ་ཟད་སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུ་སྒྲུབ་པའི་སྦྲག་སྐྱེལ་འཁོར་རིགས་ཡིན་ཕྱིན་དེར་རང་སྐྱོང་ལྗོངས་སྦྲག་སྲིད་དོ་དམ་ལས་ཁུངས་ཀྱིས་ཁས་ལེན་བྱས་པ་དང་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ཀྱིས་ཆོག་མཆན་སྤྲད་རྗེས་རྒྱ་ལམ་སྐྱེལ་འདྲེན་གྱི་ལག་ཁྱེར་གཉེར་སྒྲུབ་བྱེད་མི་དགོས།
དོན་ཚན་སོ་དྲུག་པ། སྦྲག་སྲིད་ཀྱི་ཆེད་སྤྱོད་མཚོན་རྟགས་ཡོད་པ་མ་ཟད་སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུ་སྒྲུབ་པའི་སྦྲག་སྐྱེལ་འཁོར་རིགས་ཞིབ་བཤེར་ས་ཚུགས་དང་། ཟམ་པ། ཕུག་ལམ་བཅས་བརྒྱུད་སྐབས་ངེས་པར་དུ་སྔོན་ལ་གཏོང་དགོས།
དོན་ཚན་སོ་བདུན་པ། སྦྲག་སྲིད་ཀྱི་ཆེད་སྤྱོད་མཚོན་རྟགས་ཡོད་པ་མ་ཟད་སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུ་སྒྲུབ་པའི་སྦྲག་སྐྱེལ་འཁོར་རིགས་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་འགྲོ་སྐྱོད་བྱེད་མི་ཆོག་པ་བཟོས་པའི་གཞུང་ལམ་དུམ་བུ་བརྒྱུད་དགོས་པའམ་ཡང་ན་འཁོར་རིགས་འཇོག་མི་ཆོག་པའི་ས་ཆར་འཇོག་དགོས་ཚེ་སྤྱི་བདེ་འགྲིམ་འགྲུལ་སྡེ་ཚན་གྱི་མོས་མཐུན་ཐོབ་པ་བརྒྱུད་བདེ་འཇགས་འགན་ལེན་ཐུབ་པའི་སྔོན་འགྲོའི་འོག་གཞི་ནས་འགྲོ་སྐྱོད་བྱེད་ཆོག་པའམ་ཡང་ན་འཁོར་རིགས་བཞག་ན་འགྲིག
སྦྲག་སྲིད་ཀྱི་ཆེད་སྤྱོད་མཚོན་རྟགས་ཡོད་པ་མ་ཟད་སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུ་སྒྲུབ་པའི་སྦྲག་སྐྱེལ་འཁོར་རིགས་སྦྲག་བསྐུར་སྐྱེལ་གཏོང་བྱེད་སྐབས་ལས་འཛོལ་ཆུང་གྲས་ཐོན་ཚེ་ངེས་པར་དུ་སྟབས་བདེའི་གོ་རིམ་སྤྱད་དེ་ཐག་གཅོད་བྱས་རྗེས་གཏོང་དགོས་པ་དང་། དཔང་རྟགས་འཚོལ་བསྡུ་བྱེད་དགོས་པའི་རྐྱེན་གྱིས་གནས་སྐབས་རིང་འཁོར་རིགས་བཀག་ཉར་བྱེད་དགོས་བྱུང་ཚེ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་ཁེ་ལས་ལ་འཕྲལ་མར་འདི་བྱས་གསལ་བརྡ་བཏང་ནས་སྦྲག་བསྐུར་ལ་སྐྱོན་ཆག་མི་ཡོང་བའི་གཞོགས་འདེགས་བྱེད་དགོས་པ་མ་ཟད། སྦྲག་བསྐུར་སྒྱུར་སྐྱེལ་བྱེད་རྒྱུར་སྟབས་བདེ་སྐྲུན་དགོས།
དོན་ཚན་སོ་བརྒྱད་པ། གནམ་ཐང་དང་། གྲུ་ཁ། འཁོར་རིགས་བབས་ཚུགས་བཅས་ཀྱིས་ངེས་པར་དུ་སྦྲག་སྲིད་ཁེ་ལས་ལ་སྦྲག་བསྐུར་བླུགས་འབེབས་དང་སྒྱུར་སྐྱེལ་བྱེད་གནས་དང་། སྦྲག་སྲིད་འཁོར་རིགས་འཛུལ་ཐོན་བྱེད་ལམ་མཁོ་འདོན་བྱེད་དགོས་ཤིང་། ཞིབ་ཕྲའི་གནས་ཡུལ་དང་རྒྱ་ཁྱོན་དེ་སྦྲག་སྲིད་ཁེ་ལས་དང་འབྲེལ་ཡོད་ཚན་པའི་དབར་གྲོས་མོལ་བྱས་ནས་གཏན་འཁེལ་བྱེད་རྒྱུ།
དོན་ཚན་སོ་དགུ་པ། ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ། སྡོད་ཁུལ་གྱི་སྡེ་ལས་ཞབས་ཞུའི་ཁེ་ལས། དེ་བཞིན་རྩ་འཛུགས་གཞན་དག་བཅས་ཀྱིས་ངེས་པར་དུ་སྦྲག་སྲིད་ཁེ་ལས་ལ་སྦྲག་བསྐུར་སྐྱེལ་གཏོང་བྱེད་རྒྱུར་སྟབས་བདེ་བསྐྲུན་ནས་སྦྲག་བསྐུར་རྒྱུན་གཏན་ལྟར་སྐྱེལ་སྤྲོད་ཐུབ་པའི་འགན་སྲུང་བྱེད་དགོས།
ལེའུ་ལྔ་པ། མྱུར་སྐྱེལ་ཞབས་ཞུ།
དོན་ཚན་བཞི་བཅུ་པ། རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་ནང་མྱུར་སྐྱེལ་ལས་སྒོ་གཉེར་བར་ངེས་པར་དུ་ཁྲིམས་ལྟར་རང་སྐྱོང་ལྗོངས་སྦྲག་སྲིད་དོ་དམ་ཅུད་ཀྱི་མྱུར་སྐྱེལ་ལས་སྒོ་གཉེར་སྐྱོང་འཁྲོལ་འཛིན་ཐོབ་དགོས། རང་སྐྱོང་ལྗོངས་ཀྱི་ས་ཁོངས་ནས་བརྒལ་ཏེ་གཉེར་བའམ་ཡང་ན་རྒྱལ་སྤྱིའི་མྱུར་སྐྱེལ་ལས་སྒོ་གཉེར་བར་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་སྦྲག་སྲིད་དོ་དམ་སྡེ་ཚན་གྱི་མྱུར་སྐྱེལ་ལས་སྒོའི་གཉེར་སྐྱོང་ཆོག་མཆན་ཐོབ་དགོས་པ་མ་ཟད། རང་སྐྱོང་ལྗོངས་སྦྲག་སྲིད་དོ་དམ་སྡེ་ཚན་ལ་སྙན་ཐོ་དཔོ་དགོས། ཚན་པ་གང་ཞིག་དང་མི་སྒེར་སུ་འདྲ་ཞིག་གིས་ཀྱང་ཆོག་མཆན་མ་ཐོབ་པར་རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་ནང་མྱུར་སྐྱེལ་ལས་སྒོ་གཉེར་མི་ཆོག
དོན་ཚན་ཞེ་གཅིག་པ། མྱུར་སྐྱེལ་ལས་སྒོ་གཉེར་མཁན་ཁེ་ལས་ཀྱིས་གལ་ཏེ་རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་ནང་ཡན་ལག་ཉིང་ལག་ལས་ཁུངས་འཛུགས་པ་དང་ཟླ་སྒྲིལ་གཏོང་བའམ་ཡང་ན་གཉེར་སྐྱོང་དྲ་ཚུགས་མེད་པ་བཟོ་དགོས་ཚེ་ངེས་པར་དུ་རང་སྐྱོང་ལྗོངས་སྦྲག་སྲིད་དོ་དམ་སྡེ་ཚན་ལ་སྙན་ཐོ་དཔོ་དགོས།
དོན་ཚན་ཞེ་གཉིས་པ། མྱུར་སྐྱེལ་ཁེ་ལས་ཀྱིས་ངེས་པར་དུ་མྱུར་སྐྱེལ་ཞབས་ཞུའི་དྲ་རྒྱ་འཛུགས་སྐྱོང་དང་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་མྱུར་སྐྱེལ་ཞབས་ཞུའི་དྲ་རྒྱ་ཉེན་མེད་ཤར་གཏོང་ཐུབ་པའི་འགན་སྲུང་བྱེད་དགོས་པ་དང་། སྦྲག་སྲིད་དོ་དམ་ལས་ཁུངས་དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་སོགས་འབྲེལ་ཡོད་སྡེ་ཚན་གྱི་ལྟ་སྐུལ་དང་ལེན་ཞུ་དགོས་པ་མ་ཟད། དེར་དགོས་ངེས་ཀྱི་ལས་ཀའི་ཆ་རྐྱེན་མཁོ་འདོན་བྱེད་དགོས།
དོན་ཚན་ཞེ་གསུམ་པ། མྱུར་སྐྱེལ་ལས་སྒོ་གཉེར་མཁན་ཁེ་ལས་ཀྱིས་ངེས་པར་དུ་མྱུར་སྐྱེལ་ལས་སྒོའི་གཉེར་སྐྱོང་འཁྲོལ་འཛིན་གྱི་ཆོག་འཐུས་ཁྱབ་ཁོངས་དང་གོ་ཆོད་ཀྱི་དུས་མཚམས་གཞིར་བཟུང་མྱུར་སྐྱེལ་ལས་སྒོ་གཉེར་དགོས་པ་ལས་སྦྲག་སྲིད་ཁེ་ལས་ཀྱི་ཆེད་གཉེར་འཕྲིན་ཡིག་བསྐུར་བའི་ལས་སྒོ་གཉེར་བ་དང་། རྒྱལ་ཁབ་ལས་ཁུངས་ཀྱི་གཞུང་ཡིག་བསྐུར་བ། འཕྲིན་ཡིག་ཐུམ་བརྒྱབ་རྗེས་སྦྲག་བསྐུར་ཡིན་མདོག་བྱས་ནས་བསྐུར་བ་བཅས་བྱེད་མི་ཆོག
དོན་ཚན་ཞེ་བཞི་པ། མྱུར་སྐྱེལ་ཁེ་ལས་ཀྱིས་རང་མཚམས་ཐོག་མྱུར་སྐྱེལ་ཞབས་ཞུ་མཚམས་འཇོག་བྱེད་མི་ཆོག གནས་སྐབས་རིང་མཚམས་འཇོག་བྱེད་དགོས་ཚེ་ངེས་པར་དུ་ཉིན་7གྱི་གོང་ནས་ས་གནས་དེ་གའི་སྦྲག་སྲིད་དོ་དམ་ལས་ཁུངས་ལ་ཡིག་ཐོག་ནས་སྙན་སེང་ཞུ་དགོས་པ་དང་ཆབས་ཅིག་ལས་སྒོ་གཉེར་སྐྱོང་བྱེད་གནས་དང་འབྲེལ་ཡོད་སྨྱན་སྦྱོར་ཐོག་སྤྱི་བསྒྲགས་སྤེལ་དགོས་པ་མ་ཟད། ཐག་གཅོད་མ་བྱས་པའི་མྱུར་སྐྱེལ་བསྐུར་མ་དུས་ཐོག་ཏུ་ཐག་གཅོད་གང་ལེགས་བྱེད་དགོས།
མྱུར་སྐྱེལ་ཁེ་ལས་ཀྱིས་མྱུར་སྐྱེལ་ལས་སྒོ་གཉེར་མཚམས་འཇོག་དགོས་ཚེ། ངེས་པར་དུ་སྦྲག་སྲིད་དོ་དམ་ལས་ཁུངས་ལ་ཡིག་ཐོག་ནས་ཤོད་དགོས་པ་དང་། མྱུར་སྐྱེལ་ལས་སྒོའི་གཉེར་སྐྱོང་འཁྲོལ་འཛིན་ཕྱིར་སྤྲོད་བྱེད་དགོས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་སྦྲག་སྲིད་དོ་དམ་སྡེ་ཚན་གྱི་གཏན་འབེབས་གཞིར་བཟུང་སྐྱེལ་སྤྲོད་བྱས་ཚར་མེད་པའི་མྱུར་སྐྱེལ་བསྐུར་མའི་རིགས་ཐག་གཅོད་འོས་འཚམ་བྱེད་དགོས། ཁེ་ལས་དེ་གས་ཐག་གཅོད་བྱེད་ཐབས་མེད་ཚེ། སྦྲག་སྲིད་དོ་དམ་ལས་ཁུངས་ནས་དམིགས་འཛུགས་བྱས་པའི་ཁེ་ལས་གཞན་དག་གིས་ཚབ་སྒྲུབ་བྱེད་རྒྱུ་དང་དེའི་འགྲོ་གྲོན་རྣམས་ཁེ་ལས་དེ་གས་སྤྲོད་འགན་འཁུར་དགོས།
དོན་ཚན་ཞེ་ལྔ་པ། སྦྲག་སྲིད་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་མྱུར་སྐྱེལ་ལས་སྒོའི་གཉེར་སྐྱོང་འཁྲོལ་འཛིན་སྤྲོད་ལུགས་དང་། བརྗེ་སྒྱུར། ལོ་འཁོར་གྱི་སྙན་ཞུ། ཐོ་བསུབ་སོགས་ཀྱི་དོན་གནད་སྤྱི་ཚོགས་ཐོག་ཁྱབ་བསྒྲགས་བྱེད་དགོས་པ་མ་ཟད། སྤྱི་ཚོགས་ཀྱི་སྤྱི་དམངས་ཚོར་རྩད་བཤེར་བྱེད་རྒྱུར་སྟབས་བདེ་སྐྲུན་དགོས།
དོན་ཚན་ཞེ་དྲུག་པ། མྱུར་སྐྱེལ་ཁེ་ལས་ཀྱི་མྱུར་སྐྱེལ་བསྐུར་མ་སྐྱེལ་འདྲེན་བྱེད་མཁན་ཆེད་སྤྱོད་འཁོར་རིགས་ལ་ངེས་པར་དུ་མྱུར་སྐྱེལ་ཆེད་སྤྱོད་ཀྱི་མཚོན་རྟགས་ཡོད་དགོས་པ་དང་ཁྲིམས་ལྟར་གཞུང་ལམ་སྐྱེལ་འདྲེན་ལག་ཁྱེར་ཞུ་དགོས།
མྱུར་སྐྱེལ་ལས་སྒོ་གཉེར་བའི་ཆེད་སྤྱོད་འཁོར་རིགས་བེད་སྤྱོད་མ་བྱས་གོང་ངེས་པར་དུ་འཁོར་རིགས་ཀྱི་འབྲེལ་ཡོད་དཔྱད་ཡིག་རྣམས་སྦྲག་སྲིད་དོ་དམ་ལས་ཁུངས་ལ་ཞིབ་དཔྱད་བྱེད་རྒྱུར་འབུལ་དགོས་པ་དང་། སྦྲག་སྲིད་དོ་དམ་ལས་ཁུངས་ཀྱིས་ཆ་རྐྱེན་འཛོམས་པའི་མྱུར་སྐྱེལ་ཆེད་སྤྱོད་འཁོར་རིགས་ཀྱི་དཔྱད་ཡིག་རྣམས་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་དང་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ལ་སྙན་ཐོ་དཔོ་དགོས།
དོན་ཚན་ཞེ་བདུན་པ། འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་གྲོང་ཁྱེར་གྱི་མྱུར་སྐྱེལ་བསྐུར་མ་སྐྱེལ་འདྲེན་གྱི་ཆེད་སྤྱོད་འཁོར་རིགས་བྱེད་པར། ངེས་པར་དུ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་དང་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ཀྱི་མོས་མཐུན་ཐོབ་དགོས་པ་མ་ཟད་གཏན་འབེབས་གཞིར་བཟུང་བསྒྱུར་བཟོ་བྱེད་དགོས།
དོན་ཚན་ཞེ་བརྒྱད་པ། མྱུར་སྐྱེལ་ཁེ་ལས་ཀྱིས་དྲ་རྒྱ་དང་། བརྙན་འཕྲིན། སྦྲག་ཐོག་སོགས་ནས་ཚོང་གཉེར་བྱེད་མཁན་གྱི་མངགས་བཅོལ་དང་ལེན་བྱས་ཏེ་མྱུར་སྐྱེལ་ཞབས་ཞུ་སྒྲུབ་དགོས་ཚེ། ངེས་པར་དུ་མངགས་བཅོལ་བྱེད་མཁན་ཕྱོགས་དང་བདེ་འཇགས་འགན་སྲུང་གི་གྲོས་མཐུན་དང་ཁ་དན་ཚིག་གནས་ཀྱི་ལས་གཉེར་ཁས་ལེན་གྲོས་མཐུན་འཇོག་དགོས་པ་མ་ཟད། རང་སྐྱོང་ལྗོངས་སྦྲག་སྲིད་དོ་དམ་ལས་ཁུངས་ལ་སྙན་ཐོ་དཔོ་དགོས།
དོན་ཚན་ཞེ་དགུ་པ། མྱུར་སྐྱེལ་ལས་རིགས་མཐུན་ཚོགས་ཀྱིས་ངེས་པར་དུ་ལས་རིགས་རང་འདོམས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁེ་ལས་ལ་ཆ་འཕྲིན་དང་སྦྱོང་བརྡར་སོགས་ཐད་ཀྱི་ཞབས་ཞུ་སྒྲུབ་དགོས་པ་དང་། མྱུར་སྐྱེལ་ཁེ་ལས་ལ་ཁྲིམས་ལྟར་དང་ཁ་དན་ཚིག་གནས་ཀྱི་ལས་གཉེར་བྱེད་རྒྱུར་ཁྲིད་སྟོན་བྱས་ནས་མྱུར་སྐྱེལ་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་མྱུར་སྐྱེལ་ལས་རིགས་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།
དོན་ཚན་ལྔ་བཅུ་པ། སྲོལ་ཡིག་འདིའི་དོན་ཚན་ལྔ་པའི་ནང་གསེས་གཉིས་པ་དང་། དོན་ཚན་ཉེར་བཞི་པ། དོན་ཚན་སོ་དགུ་པ་བཅས་ནང་གི་སྦྲག་བསྐུར་སྐོར་གྱི་གཏན་འབེབས་དེ་མྱུར་སྐྱེལ་བསྐུར་མའི་ཐད་སྤྱད་ན་འཐུས་པ་དང་། དོན་ཚན་བཅོ་ལྔ་པའི་ནང་གི་སྦྲག་བསྐུར་ཐག་གཅོད་བྱེད་གནས་སྐོར་གྱི་གཏན་འབེབས་དེ་མྱུར་སྐྱེལ་སྦྲག་བསྐུར་ཐག་གཅོད་བྱེད་གནས་ལ་སྤྱད་ན་འཐུས་པ། སྲོལ་ཡིག་འདིའི་དོན་ཚན་ཉི་ཤུ་པའི་ནང་གསེས་གཉིས་པ་དང་གསུམ་པ་དང་། དོན་ཚན་ཉེར་གསུམ་པའི་ནང་གསེས་དང་པོ་དང་གཉིས་པ། དོན་ཚན་ཉེར་དགུ་པ། དོན་ཚན་སུམ་ཅུ་པ། དོན་ཚན་སོ་གཅིག་པའི་ནང་གསེས་དྲུག་པ་བཅས་ནང་གི་སྦྲག་སྲིད་ཁེ་ལས་དང་དེའི་ལས་བྱའི་སྐོར་གྱི་གཏན་འབེབས་དེ་མྱུར་སྐྱེལ་ཁེ་ལས་དང་དེའི་ལས་བྱར་སྤྱད་ན་འཐུས་པ། སྲོལ་ཡིག་འདིའི་དོན་ཚན་སོ་བདུན་པའི་ནང་གི་སྦྲག་སྲིད་སྐྱེལ་འདྲེན་འཁོར་རིགས་སྐོར་གྱི་གཏན་འབེབས་དེ་མྱུར་སྐྱེལ་ཁེ་ལས་ཀྱི་མྱུར་སྐྱེལ་སྦྲག་བསྐུར་གྱི་ཆེད་སྤྱོད་འཁོར་རིགས་ལ་སྤྱད་ན་འཐུས་པ་བཅས་ཡིན།
ལེའུ་དྲུག་པ། ལྟ་སྐུལ་ཞིབ་བཤེར།
དོན་ཚན་ང་གཅིག་པ། སྦྲག་སྲིད་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་ལྟ་སྐུལ་དོ་དམ་ལམ་ལུགས་གསར་འཛུགས་དང་ཚགས་ཚུད་དུ་བཏང་ནས་སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུ་དང་སྦྲག་སྲིད་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་སྦྲག་སྲིད་ཁེ་ལས་ཀྱིས་ཡོངས་ཁྱབ་ཞབས་ཞུ་དང་དམིགས་བསལ་ཞབས་ཞུའི་ཁ་གསབ་མ་དངུལ་སྤྱོད་རྒྱུར་ལྟ་སྐུལ་བྱེད་དགོས།
དོན་ཚན་ང་གཉིས་པ། སྦྲག་སྲིད་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་སྦྲག་སྲིད་ཁེ་ལས་དང་མྱུར་སྐྱེལ་ཁེ་ལས་ཀྱི་འབྲེལ་ཡོད་བསྐུར་སྐྱེལ་ལས་སྒོ་གཉེར་སྐྱོང་དང་ཞབས་ཞུའི་སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱས་ནས་སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུ་དང་མྱུར་སྐྱེལ་ཞབས་ཞུའི་སྤུས་ཚད་ཐད་ལ་སྤྱོད་མཁན་གྱིས་ཞུ་སྦྱོར་བྱེད་པའི་ལམ་ལུགས་དང་ཐེར་འདོན་རྩད་བཤེར་ཐག་གཅོད་བྱེད་པའི་ལམ་ལུགས་ཚགས་ཚུད་དུ་གཏོང་དགོས་པ་དང་། སྦྲག་སྲིད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་བའི་བྱེད་སྤྱོད་ཀྱི་དོགས་གཞི་ཡོད་མཁན་སྦྲག་སྲིད་ཁེ་ལས་དང་མྱུར་སྐྱེལ་ཁེ་ལས་ལ་ཁྲིམས་གཏན་འཁེལ་བའི་གོ་རིམ་ལྟར་རྩད་བཤེར་ཐག་གཅོད་བྱས་ནས་སྤྱོད་མཁན་གྱི་ཁེ་དབང་དང་སྦྲག་སྲིད་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས།
དོན་ཚན་ང་གསུམ་པ། སྦྲག་སྲིད་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུའི་སྤུས་ཚད་དཔྱད་གདེང་མ་ལག་བཙུགས་ནས་སྦྲག་སྲིད་ཁེ་ལས་ཀྱི་ཡོངས་ཁྱབ་ཞབས་ཞུའི་སྤུས་ཚད་ལ་ལོ་ལྟར་དཔྱད་གདེང་བྱེད་དགོས་པ་མ་ཟད་སྤྱི་ཚོགས་ཐོག་ཡོངས་བསྒྲགས་ཀྱང་བྱེད་དགོས།
སྦྲག་སྲིད་ཁེ་ལས་དང་མྱུར་སྐྱེལ་ཁེ་ལས་ཀྱིས་ངེས་པར་དུ་སྦྲག་སྲིད་དོ་དམ་ལས་ཁུངས་ཀྱི་བླང་བྱ་བཞིན་ཁེ་ལས་ཀྱི་འབྲེལ་ཡོད་ལས་གཉེར་བྱས་ཚུལ་དང་། ཞབས་ཞུའི་སྤུས་ཚད་རང་བཤེར་བྱས་ཚུལ། བསྡོམས་རྩིས་སྙན་ཐོའི་རེའུ་མིག་བཅས་སྙན་འབུལ་ཞུ་དགོས་པ་མ་ཟད་ད་དུང་ཚབས་ཆེའི་འཕྲིན་གཏོང་ལས་འཛོལ་དང་ཚབས་ཆེའི་ཞབས་ཞུའི་སྤུས་ཚད་ཀྱི་གནད་དོན་དུས་ཐོག་ཏུ་སྙན་སེང་ཞུ་དགོས།
དོན་ཚན་ང་བཞི་པ། སྦྲག་སྲིད་དོ་དམ་ལས་ཁུངས་ཀྱིས་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་ལྟ་སྐུལ་ཞིབ་བཤེར་བྱེད་མཁན་མི་གཉིས་ལས་མི་ཉུང་བ་བྱེད་དགོས་པ་མ་ཟད་ངེས་པར་དུ་ཁྲིམས་སྒྱུར་ལག་ཁྱེར་འདོན་དགོས།
སྦྲག་སྲིད་དོ་དམ་ལས་ཁུངས་ཀྱིས་ཁྲིམས་ལྟར་ལྟ་སྐུལ་ཞིབ་བཤེར་གྱི་འགན་འཁྲི་སྒྲུབ་སྐབས་སྦྲག་སྲིད་ཁེ་ལས་དང་མྱུར་སྐྱེལ་ཁེ་ལས་ལ་འབྲེལ་ཡོད་གཉེར་སྐྱོང་གནས་ཚུལ་སྙན་སེང་ཞུ་དགོས་པའི་རེ་བ་བཏོན་ཆོག ཞིབ་བཤེར་བྱ་ཡུལ་སྦྲག་སྲིད་ཁེ་ལས་དང་མྱུར་སྐྱེལ་ཁེ་ལས་ཀྱིས་ངེས་པར་དུ་གཞོགས་འདེགས་བྱས་ནས་གནས་ཚུལ་དང་འབྲེལ་ཡོད་དཔྱད་ཡིག་ཇི་མ་ཇི་བཞིན་མཁོ་འདོན་བྱེད་དགོས་པ་ལས་མཁོ་འདོན་མི་བྱེད་པ་དང་། ནར་འགྱངས་གཏོང་བ། བཀག་འགོག་བཅས་བྱེད་མི་ཆོག་ལ། ཐོག་མའི་དཔྱད་ཡིག་སྦ་གསང་དང་། རྩ་མེད་བཟོ་བ། སྤོ་སྒྱུར་བཅས་བྱེད་མི་ཆོག
དོན་ཚན་ང་ལྔ་པ། སྦྲག་སྲིད་དོ་དམ་ལས་ཁུངས་ཀྱིས་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་གཤམ་གསལ་བྱ་ཐབས་སྤྱད་ཆོག་པ་སྟེ།
(གཅིག)སྦྲག་སྲིད་ཁེ་ལས་དང་མྱུར་སྐྱེལ་ཁེ་ལས་སམ་ཡང་ན་སྦྲག་སྲིད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་བའི་བྱེད་སྒོ་སྤེལ་བའི་དོགས་གཞི་ཡོད་པའི་ས་ཆ་གཞན་དག་ལ་ས་ཡུལ་དངོས་ཀྱི་ཞིབ་བཤེར་བྱེད་པ་དང་།
(གཉིས)འབྲེལ་ཡོད་ཚན་པ་དང་མི་སྒེར་གྱི་ས་ནས་གནས་ཚུལ་ཤེས་རྟོགས་བྱེད་པ།
(གསུམ)འབྲེལ་ཡོད་ཀྱི་ལས་སྒོའི་ཡིག་ཆ་དང་། དཔང་རྟགས་འཛིན་ཡིག དཔྱད་ཡིག་གཞན་དག་བཅས་ལྟ་བཤེར་དང་དཔར་སློག་བྱེད་པ།
(བཞི)སྦྲག་སྲིད་དོ་དམ་ལས་ཁུངས་ཀྱི་འགན་འཁུར་མི་སྣའི་ཆོག་མཆན་ཐོབ་པ་བརྒྱུད་སྦྲག་སྲིད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་བའི་བྱེད་སྒོ་དང་འབྲེལ་བ་ཡོད་པའི་གནས་ཡུལ་ལ་ཁྲིམས་ལྟར་སྒོ་ཐེལ་རྒྱག་པ་དང་། སྦྲག་སྲིད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་བའི་བྱེད་སྒོར་སྤྱོད་པའི་སྐྱེལ་འདྲེན་ཡོ་བྱད་དང་དེ་བཞིན་འབྲེལ་ཡོད་དངོས་རྫས་རིགས་བཀག་ཉར་བྱས་ཏེ་འཕྲིན་ཡིག་ཕུད་པའི་སྦྲག་བསྐུར་གཏོང་མི་ཆོག་པའམ་ཚོད་འཛིན་བྱེད་པའི་དངོས་རིགས་ལྐོག་གཏོང་བྱས་པའི་དོགས་ཡོད་སྦྲག་བསྐུར་དང་མྱུར་སྐྱེལ་བསྐུར་མའི་རིགས་ཁ་ཕྱེ་ནས་ཞིབ་བཤེར་བྱེད་པ་བཅས་སོ།
དོན་ཚན་ང་དྲུག་པ། སྦྲག་སྲིད་དོ་དམ་ལས་ཁུངས་དང་དེའི་ཁྲིམས་སྒྱུར་མི་སྣས་ངེས་པར་དུ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་སྲུང་བརྩི་ཞུ་དགོས་པ་དང་། དོ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་ནས་འགན་འཁྲི་ནན་སྒྲུབ་དང་། ལས་རྟགས་བཏགས་ནས་ལས་དོན་སྒྲུབ་པ། གཞུང་དྲང་ཡ་རབས་ཀྱི་ཐོག་ནས་ཁྲིམས་སྒྱུར་བཅས་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་བྱེད་པའི་ནང་ཤེས་རྟོགས་བྱུང་བའི་མི་སྒེར་གྱི་གསང་དོན་དང་ཚོང་ལས་ཀྱི་གསང་གནད་རིགས་གསང་སྲུང་བྱེད་པའི་འོས་འགན་ཡོད།
དོན་ཚན་ང་བདུན་པ། རང་སྐྱོང་ལྗོངས་ཀྱི་སྦྲག་སྲིད་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་སྦྲག་སྲིད་ཁེ་ལས་དང་མྱུར་སྐྱེལ་ཁེ་ལས་ཀྱི་ལས་གཉེར་མི་སྣར་སློབ་གསོ་སྦྱོང་བརྡར་དང་དམིགས་བསལ་ལས་རིགས་ཀྱི་རྩལ་ནུས་དཔྱད་འདོམས་ལས་ཀ་སྤེལ་རྒྱུར་མཛུབ་ཁྲིད་བྱས་ནས་ལས་གཉེར་མི་སྣའི་བྱང་ཚད་དང་རྩལ་ནུས་གོང་མཐོར་གཏོང་དགོས།
ལེའུ་བདུན་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
དོན་ཚན་ང་བརྒྱད་པ། སྦྲག་སྲིད་ཁེ་ལས་དང་མྱུར་སྐྱེལ་ཁེ་ལས་ཀྱིས་སྲོལ་ཡིག་འདིའི་དོན་ཚན་ཉེར་གསུམ་པའི་ནང་གསེས་དང་པོ་དང་གཉིས་པའི་གཏན་འབེབས་ལས་འགལ་ཏེ་བསྐུར་མ་སྐུར་ལེན་གྱི་ཞིབ་བཤེར་ལྟ་དཔྱད་བྱེད་ལམ་མ་བཙུགས་པའམ་ལག་བསྟར་མ་བྱས་པ། ཡང་ན་རྒྱལ་ཁབ་ནས་སྐུར་ལེན་བྱེད་མི་ཆོག་པ་བཟོས་པའི་སྦྲག་བསྐུར་དངོས་རིགས་བསྐུར་སྐྱེལ་བྱས་ཚེ་སྦྲག་སྲིད་ཁེ་ལས་ཀྱི་ཐད་ཀའི་འགན་འཁྲི་འཁུར་མཁན་གྱི་གཙོ་འགན་མི་སྣ་དང་ཐད་ཀའི་འགན་འཁྲི་ཡོད་མཁན་གཞན་དག་ལ་ཆད་པ་གཅོད་རྒྱུ་དང་། མྱུར་སྐྱེལ་ཁེ་ལས་ལ་སྦྲག་སྲིད་དོ་དམ་ལས་ཁུངས་ཀྱིས་ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་ཆོག་པ་དང་དེས་མ་ཚད་དེའི་མྱུར་སྐྱེལ་ལས་སྒོའི་འཁྲོལ་འཛིན་རྩིས་མེད་བཏང་ཆོག
སྤྱོད་མཁན་གྱིས་སྦྲག་བསྐུར་དང་མྱུར་སྐྱེལ་བསྐུར་མའི་ནང་སྐུར་མི་ཆོག་པའམ་ཡང་ན་ཚོད་འཛིན་བྱས་པའི་དངོས་རིགས་ལྐོག་གཏོང་བྱས་ཀྱང་ཉེས་གསོག་གི་ཚད་ལ་སླེབས་མེད་ཚེ་ཁྲིམས་ལྟར་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་རྒྱུ།
གོང་འཁོད་ནང་གསེས་གཉིས་ཀྱི་གཏན་འབེབས་ལྟར་ཁྲིམས་འགལ་གྱི་བྱེད་སྤྱོད་ཡོད་པ་དང་། མི་ལུས་ལ་རྨས་སྐྱོན་བཟོས་པའམ་ཡང་ན་རྒྱུ་ནོར་གྱོང་གུན་བཟོ་མཁན་གྱིས་ཁྲིམས་ལྟར་གུན་གསབ་འཇལ་འགན་འཁུར་རྒྱུ།
དོན་ཚན་ང་དགུ་པ། རྩ་འཛུགས་གང་ཞིག་དང་མི་སྒེར་སུ་འདྲ་ཞིག་ལ་སྲོལ་ཡིག་འདིའི་དོན་ཚན་ཉེར་ལྔ་པའི་ནང་ཚན་དང་པོ་དང་། གཉིས་པ། གསུམ་པ། ལྔ་པ། དྲུག་པ་བཅས་ནང་གསལ་གྱི་བྱ་སྤྱོད་གྲས་ཤིག་ཡོད་ཀྱང་ཉེས་གསོག་གི་ཚད་ལ་སླེབས་མེད་ཚེ་ཁྲིམས་ལྟར་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་རྒྱུ། སྲོལ་ཡིག་འདིའི་དོན་ཚན་ཉེར་ལྔ་པའི་ནང་ཚན་བཞི་པའི་ནང་གསལ་གྱི་བྱ་སྤྱོད་ཡོད་ཚེ་སྦྲག་སྲིད་དོ་དམ་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། རྫུན་བཟོ་བྱས་པའི་སྦྲག་སྲིད་ཀྱི་ཆེད་སྤྱོད་དངོས་པོ་དང་ཁྲིམས་འགལ་ལས་བྱུང་བའི་ཡོང་འབབ་གཞུང་བཞེས་གཏོང་རྒྱུ་མ་ཟད། སྒོར་ཁྲི་1ཡན་ནས་སྒོར་ཁྲི་5མན་གྱི་དངུལ་ཆད་འགེལ་རྒྱུ།
དོན་ཚན་དྲུག་ཅུ་པ། སྦྲག་སྲིད་ཁེ་ལས་ལ་སྲོལ་ཡིག་འདིའི་དོན་ཚན་སོ་གཅིག་པའི་ནང་ཚན་དང་པོ་དང་གཉིས་པའི་ནང་གསལ་གྱི་བྱེད་སྤྱོད་གྲས་ཤིག་ཡོད་ཚེ། སྦྲག་སྲིད་དོ་དམ་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། སྒོར་ཁྲི་1མན་གྱི་དངུལ་ཆད་འགེལ་ཆོག གནས་ཚུལ་ཚབས་ཆེ་རིགས་ལ་སྒོར་ཁྲི་2ཡན་ནས་སྒོར་ཁྲི་5མན་གྱི་དངུལ་ཆད་འགེལ་རྒྱུ། ཐད་ཀའི་འགན་འཁྲི་འཁུར་མཁན་གྱི་གཙོ་འགན་མི་སྣ་དང་ཐད་ཀའི་འགན་འཁྲི་ཡོད་མཁན་གཞན་དག་ལ་ཁྲིམས་བཞིན་ཆད་པ་གཅོད་རྒྱུ།
སྦྲག་སྲིད་ཁེ་ལས་ཀྱི་ལས་བྱར་སྲོལ་ཡིག་འདིའི་དོན་ཚན་སོ་གཅིག་པའི་ནང་ཚན་གསུམ་པའི་ནང་གསལ་གྱི་བྱེད་སྤྱོད་ཡོད་པ་དང་། རྐང་བཙུགས་ནས་སྦྲག་བསྐུར་སྐྱེལ་སྤྲོད་ནར་འགྱངས་གཏོང་མཁན་ལ་སྦྲག་སྲིད་ཁེ་ལས་ཀྱིས་ཆད་པ་གཅོད་རྒྱུ།
སྦྲག་སྲིད་ཁེ་ལས་དང་མྱུར་སྐྱེལ་ཁེ་ལས་ལ་སྲོལ་ཡིག་འདིའི་དོན་ཚན་སོ་གཅིག་པའི་ནང་ཚན་ལྔ་པའི་ནང་གསལ་གྱི་བྱེད་སྤྱོད་ཡོད་ཚེ་རིན་གོང་གཙོ་འགན་སྡེ་ཚན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས》ཀྱི་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་རྒྱུ།
དོན་ཚན་རེ་གཅིག་པ། སྲོལ་ཡིག་འདིའི་དོན་ཚན་ང་བཞི་པའི་ནང་གསེས་གཉིས་པའི་གཏན་འབེབས་ལས་འགལ་ཏེ་སྦྲག་སྲིད་ཁེ་ལས་དང་མྱུར་སྐྱེལ་ཁེ་ལས་ཀྱིས་ཁྲིམས་ལྟར་ལྟ་སྐུལ་ཞིབ་བཤེར་དང་ལེན་མ་ཞུས་པ་དང་བཀག་འགོག་བྱས་ཀྱང་ཉེས་གསོག་གི་ཚད་ལ་སླེབས་མེད་ཚེ་ཁྲིམས་ལྟར་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་རྒྱུ་དང་། སྦྲག་སྲིད་དོ་དམ་ལས་ཁུངས་ཀྱིས་མྱུར་སྐྱེལ་ཁེ་ལས་ལ་ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་དུ་འཇུག་རྒྱུ་དང་དེས་མ་ཚད་དེའི་མྱུར་སྐྱེལ་ལས་སྒོའི་གཉེར་སྐྱོང་འཁྲོལ་འཛིན་རྩིས་མེད་བཏང་ཆོག
དོན་ཚན་རེ་གཉིས་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྦྲག་སྲིད་བཅའ་ཁྲིམས》དང་། དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཆད་གཅོད་ཀྱི་གཏན་འབེབས་ཡོད་ན་དེ་གཞིར་བཟུང་རྒྱུ།
དོན་ཚན་རེ་གསུམ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་སྦྲག་སྲིད་དོ་དམ་ལས་ཁུངས་ཀྱི་ལས་བྱས་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ནང་འགན་དབང་གང་བྱུང་སྤྱད་པ་དང་། རང་འགན་སྣང་མེད་དུ་བཞག་པ། ཉེར་ཕྱོགས་གཡོ་ཟོལ་བྱས་པ་བཅས་ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་མེད་ཚེ་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ།
ལེའུ་བརྒྱད་པ། ཞར་བྱུང་།
དོན་ཚན་རེ་བཞི་པ། སྲོལ་ཡིག་འདི་2012ལོའི་ཟླ་6ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།
(རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུས་ཀྱིས་མཁོ་འདོན་བྱས་པ་གཞིར་བཟུང)
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣