དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཀྱི་ཁེ་ལས་དང་བྱ་གཞག་ཚན་པའི་དམངས་གཙོ་དོ་དམ་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོཌ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-06

     རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་ཟླ་5ཚེས་31ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཀྱི་ཁེ་ལས་དང་བྱ་གཞག་ཚན་པའི་དམངས་གཙོ་དོ་དམ་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི། རང་སྐྱོང་ལྗོངས“བཟོ་གྲྭའི་ལས་དོན་ཡོངས་བསྒྲགས་དང་དམངས་གཙོ་དོ་དམ”མཐུན་སྦྱོར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀྲོང་ཡན་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ནོར་བུ་དོན་གྲུབ་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཀྲོང་ཡན་གྱིས་རིམ་ཁག་ཚན་པ་ཁག་དང་ཁེ་ལས་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཤུགས་རྒྱག་ས་དང་འཇུག་སྒོ་འཚོལ་ཞིབ་ཡང་དག ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པ་བཅས་བྱས་ནས་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཁེ་ལས་དང་བྱ་གཞག་ཚན་པའི་དམངས་གཙོ་དོ་དམ་གྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་གསུངས་པ་རེད།

    ཀྲོང་ཡན་གྱིས། ཏང་གི་ཚོགས་ཆེན་ཉི་ཤུ་པ་བསུ་བ་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཙོ་རྐང་དུ་བྱས་ནས“དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་པ་དང“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཁེ་ལས་ཀྱི་དམངས་གཙོའི་དོ་དམ་ལས་དོན་གྱི་ལོ་ལྔའི་འཆར་འགོད་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་ཁ་ཕྱོགས་ཆེན་པོར་སྟངས་འཛིན་ཡག་པོ་བྱས་ནས་ལས་བཟོའི་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ནང་དོན་དང་རྣམ་པ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་སྟེ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པ་དང“གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་ངང་བརྩི་བཀུར་ཞུ་མཁན་དང“སྲུང་སྐྱོང་གཉིས”ཀྱི་ལྷག་བསམ་རྣམ་དག་གི་ལག་ལེན་པ་ཞིག་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་གི་ལྡོག་མེད་ལས་འགན་ལ་དམིགས་ཏེ་ཉེན་བརྡ་རྒྱུན་གཏོང་དང་རྒྱུན་དུ་ནས་དོགས་ཟོན་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁེ་ལས་འཛུགས་གཏོད་ཧུར་ཐག་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ནས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་ཀྱིས་གོ་རིམ་ལྡན་པའི་ངང་ལས་བཟོ་དམངས་གཙོ་དོ་དམ་ནང་ཞུགས་རྒྱུར་སྐུལ་འདེད་བཏང་སྟེ་ལས་བཟོའི་ངལ་རྩོལ་གྱི་སྤྲོ་སེམས་དང་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས། དེང་རབས་ཁེ་ལས་ཀྱི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁེ་ལས་ཀྱིས་ཁྲིམས་ལྟར་གཉེར་སྐྱོང་དང་ཚན་རིག་དང་མཐུན་པའི་ངང་དོ་དམ་བྱེད་པར་སྐུལ་འདེད་བཏང་ནས་ལས་བཟོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཀྲོང་ཡན་གྱིས། རིམ་ཁག་ཚན་པ་ཁག་དང་ཁེ་ལས་ཁག་གིས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གཙོ་གནད་ལས་འགན་དོན་འཁྱོལ་ལ་དམ་འཛིན། ནུས་ཤུགས་ཡོད་རྒུས་དུས་རབས་གསར་པའི་རང་ལྗོངས་ཀྱི་ཁེ་ལས་དང་བྱ་གཞག་ཚན་པའི་དམངས་གཙོ་དོ་དམ་ལས་དོན་གྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཚོགས་འདུའི་ཐོག《2022ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཁེ་ལས་དང་བྱ་གཞག་ཚན་པའི་དམངས་གཙོ་དོ་དམ་ལས་ཀའི་གཙོ་གནད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།