ཚེས་2ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག《རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་མགྱོགས་པོ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།
ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཁྲོམ་རའི་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཞིབ་འཇུག་པ་ལིའུ་ཐའོ་ཡིས་ཆེད་དོན་ཟུར་ཁྲིད་འཆད་ཁྲིད་བྱས་པ་དང་། སྲིད་གཞུང་གི་ཏང་ཙུའི་ཚན་ཁག་གི་ཁོངས་མི་ཁག་གཅིག་གིས་སྤེལ་རེས་གཏམ་བཤད་གནང་བ་རེད།
ཡན་ཅིན་ཧའེ་ཡིས་ས་ཁོངས་མཐུན་སྦྱོར་ལ་དམིགས་ཏེ། འཐབ་ཇུས་དམིགས་ཚད་གཅིག་གྱུར་བཟོ་བ་དང་། “བོད་ནས་བོད་ལ་ལྟ་བའི”བསམ་བློའི་འཆིང་རྒྱ་ལས་གྲོལ་བ་བྱེད་པ།“བོད་ནས་བསྒྲལ་ཏེ་བོད་ལ་ལྟ་བའི”འཐབ་ཇུས་མིག་རྒྱང་རིང་དུ་གཏོང་བ་བཅས་བྱས་ནས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོར་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་འབྲེལ་དེའི་ནང་མཉམ་འདྲེས་ཀྱང་ཐུབ་པ་བྱེད་དགོས་པ་དང་། ཁང་ཧྲུལ་གཏོར་བ་དང་འགོག་རྐྱེན་གཙང་སེལ་ལ་དམིགས་ཏེ། སྲིད་ཇུས་དང་སྒྲིག་སྲོལ་གཅིག་གྱུར་བཟོ་བ་དང་ལམ་ལུགས་དང་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ། སྔོན་འགྲོའི་ཆ་རྐྱེན་དུ་བྱས་ནས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཚད་གཞི་ལྟར། རྒྱུ་ནོར་བདག་དབང་སྲུང་སྐྱོང་དང་། ཁྲོམ་རར་འཇུག་འཐུས། དྲང་གཞག་འགྲན་རྩོད། སྤྱི་ཚོགས་ཡིད་རྟོན་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་ཧུར་ཐག་གཏོང་དགོས།
ཁྲོམ་རའི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་དམ་འཛིན་བྱ་གཞིར་བྱས་ཏེ། ལྟ་འདོམས་ཀྱི་ཚད་གཞི་ཅན་དང་ཚད་ལྡན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་དང་། དྲ་ཐོག་དང་དྲ་ཕྱི་གཞི་གཅིག་ཅན་གྱི་ལྟ་འདོམས་ལ་སྐུལ་འདེད་གཏོང་བ། དྲང་གཞག་འགྲན་རྩོད་ལ་འགོག་རྐྱེན་བཟོ་བའི་བཅའ་ཁྲིམས་དང་སྒྲིག་སྲོལ་ལམ་ལུགས་དུས་ཐོག་ཏུ་གཙང་བཤེར་དང་མེད་པར་བཟོ་བ་བཅས་བྱས་ནས། ལྟ་འདོམས་ཀྱི“དྲང་སྙོམས”ལ་བརྟེན་ནས་ཁྲོམ་རའི“ཆུ་ཚད”ལ་སྐུལ་འདེད་གཏོང་དགོས། ཞན་ཆ་སེལ་བར་དམིགས་ཏེ། རྨང་གཞིའི་འགན་ལེན་གཅིག་གྱུར་བཟོ་བ་དང་། ས་ཁོངས་ཀྱི“འགག་ལམ་གཙོ་བོ”ཤར་གཏོང་ཐུབ་པ། འགྲིམ་འགྲུལ་རྣམ་གྲངས་གལ་ཆེན་ཡག་པོ་སྐྲུན་པ། “གཙང་པོ་གཉིས་དང་ཆུ་བོ་བཞིའི”རོང་ཁུལ་གྱི་དཔལ་འབྱོར་ཁུལ་དང“གྲོང་ཁྱེར་ལྔ་དང་ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱ”སོགས་ཡག་པོ་གཏོད་པ་བཅས་བྱས་ནས། ས་ཁོངས་དཔལ་འབྱོར་འཁོར་རྒྱུག་བདེ་བླག་ཐུབ་པར་བྱེད་དགོས། ཐོན་ལས་ཀྱི“མཁོ་འབྲེལ”ཤར་གཏོང་ཐུབ་པར་བྱས་ཏེ། འབྲེལ་ཐག་རིང་དུ་གཏོང་བ་དང་། འབྲེལ་ཐག་གསབ་སྣོན་བྱེད་པ། འབྲེལ་ཐག་བརྟན་དུ་གཏོང་བ་བཅས་ལ་ཤུགས་སྣོན་བརྒྱབ་ནས་རང་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་དབར་གྱི་མཐུན་སྦྱོར་རང་བཞིན་ཆེ་རུ་གཏོང་དགོས། ལས་སྟེགས་ཀྱི“བཀག་རྒྱུད”ཤར་གཏོང་ཐུབ་པར་བྱས་ཏེ། “སྲིད་དོན་ཞབས་ཞུ་དྲ་གཅིག་སྒྲུབ་གཉེར”དང“དྲ་སྦྲེལ+”བྱེད་སྟངས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། སྤྱི་པའི་ཐོན་ཁུངས་ལས་སྟེགས་བསྡུ་སྒྲིལ་མཉམ་སྤྱོད་ཟབ་ཏུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཡན་ཅིན་ཧའེ་ཡིས་དོན་ཆེན་ཞིབ་ཚགས་སྒྲུབ་པར་དམིགས་ཏེ། གཅིག་གྱུར་སྒྲིག་འཛུགས་དང་སྐུལ་འདེད་གཏོང་བ་དང་། ལས་ཀའི་ཇུས་གཞི་གང་མགྱོགས་འདིང་བ། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་ཞིབ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། ཁྲོམ་རའི་འགལ་རྐྱེན་སེལ་བ། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བཅས་ཀྱི་ལས་ཀའི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།