དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང(རྒྱ་ཆེ)གི་ཆེད་དོན་བགྲོ་གླེང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-06-04

    ཚེས་2ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང(རྒྱ་ཆེ)གི་ཆེད་དོན་བགྲོ་གླེང་ཚོགས་འདུ་གཙོ་སྐྱོང་གནང་ནས། གསར་དུ་བཟོ་བཅོས་བརྒྱབ་པའི་ས་གནས་རྩ་འཛུགས་བཅའ་ཁྲིམས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ས་གནས་མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་དང་ལས་འགན་ཕྱོགས་ཡོངས་ནས་ཤེས་རྟོགས་དང་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ་བོད་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ལས་དོན་དུས་བསྟུན་འཕེལ་རྒྱས་དང་འཐུས་ཚང་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ཏིང་ཡེ་ཤན་དང་། ནོར་བུ་དོན་གྲུབ། བསྟན་ཁོ། འོད་ཟེར་བཅས་དང་། ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཉི་མ་ཚེ་རིང་། ཅི་གོ་ཀང་། མཱ་ཧྲེང་ཁྲང་། ཝང་ཅུན། ཐང་མིང་དབྱིང་བཅས་དང་། ཏང་ཙུའི་ཁོངས་མི་དྲུང་ཆེ་ལིའུ་ཀོང་ཤུས་ཚོགས་འདུར་ཞུགས་ཡོད་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་གསུངས་དོན། ས་གནས་རྩ་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་པ་ནི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཁྲིམས་ལྟར་རྒྱལ་ཁབ་ནུས་ལྡན་ངང་སྐྱོང་བའི་ལྡོག་མེད་ཀྱི་བླང་བྱ་དང་། མི་དམངས་རང་ཁྱིམ་རང་བདག་ཡོང་བར་འགན་ལེན་བྱེད་པའི་བྱེད་ཐབས་གལ་ཆེན། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་ཀྱི་འགན་ལེན། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་ཀྱི་དགོས་མཁོ་བཅས་རེད། 

    ས་གནས་ཀྱི་རྩ་འཛུགས་བཅའ་ཁྲིམས་སློབ་སྦྱོང་བྱེད་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། ང་ཚོས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཀྲུང་དབྱང་གི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་མཐོ་ཚད་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་མཐོ་ཚད། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”དམིགས་ནས་ཤུགས་རྒྱག་པའི་མཐོ་ཚད་བཅས་ནས་ས་གནས་ཀྱི་རྩ་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་པའི་དངོས་ཡོད་ཀྱི་དོན་སྙིང་དང་རྒྱང་རིང་གཏིང་ཟབ་ཀྱི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་བླངས་ཏེ་ས་གནས་ཀྱི་རྩ་འཛུགས་བཅའ་ཁྲིམས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་ཀྱི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་ཏན་ཏིག་བཏང་སྟེ། བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་ལུགས་མངོན་པར་བྱེད་དགོས།

    བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། “གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་ངང་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས། བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་། ས་གནས་ཀྱི་རྩ་འཛུགས་བཅའ་ཁྲིམས་ནན་ཏན་ངང་སློབ་སྦྱོང་ཡག་པོ་བྱེད་པ། ཏང་ཀྲུང་དབྱང་གི་བླང་བྱ་གནད་ལ་འཁེལ་པོས་ཁོང་དུ་ཆུད་པ་དང་བཅའ་ཁྲིམས་ཀྱི་དགོངས་པ་ཟབ་སྦྱོང་མཐིལ་རྟོགས་བཅས་བྱས་ཏེ་མི་སེམས་ལ་དངོས་འབྲེལ་ཟུག་པར་བྱེད་དགོས། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་རིགས་ཁག་གི་དྲིལ་བསྒྲགས་གཞི་རྟེན་བེད་སྤྱོད་ཡག་པོ་དང་། དྲིལ་བསྒྲགས་ཀྱི་གཡུལ་ས་འཛུགས་སྐྱོང་། ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་ས་གནས་ཀྱི་རྩ་འཛུགས་བཅའ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་བཅས་བྱས་ནས། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་ལ་ལས་དོན་སྤེལ་བའི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།