དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་རང་ལྗོངས་ཀྱི་སློབ་གསོའི་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-03

    ཟླ་5ཚེས་31ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་རང་སྐྱོང་ལྗོངས་སློབ་གསོ་ཐིང་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སློབ་གསོའི་ལས་དོན་ཐད་གནང་བའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་ལྟར་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་མྱུར་པོ་བཏང་ནས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་དགོས་པའི་ནན་བཤད་གནང་བ་རེད།

    མོང་ཞའོ་ལིན་དང་ཏུའུ་ཅན་ཀུང་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།

    ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་དུ་ཡན་ཅིན་ཧའེ་ཡིས་མཐོ་རྒྱུགས་སྒྲིག་འཛུགས་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་ལས་དོན་ཚང་མ་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ་རྒྱུགས་སྤྲོད་སློབ་མ་སེམས་སྐྱིད་པ་དང་། ཁྱིམ་བདག་བློ་བདེ་བ། སྤྱི་ཚོགས་བློ་བདེ་བ་བཅས་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག་ཡན་ཅིན་ཧའེ་ཡིས་རང་ལྗོངས་ཀྱི་སློབ་གསོའི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཁས་ལེན་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་དང་ཐོག་སློབ་གསོ་དར་རྒྱས་གཏོང་དགོས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་དང་ཐོག་སློབ་གསོ་དེང་རབས་ཅན་དུ་བསྒྱུར་དགོས་པས། གོམ་སྟབས་རྗེས་མའི་ལས་དོན་ཁག་ཡག་པོ་བསྒྲུབ་དགོས་པ་སྟེ། གཅིག་ནས་རྨང་གཞི་བརྟན་དུ་བཏང་ནས་རྨང་གཞིའི་སློབ་གསོ་ཡག་པོ་གཉེར་དགོས་ཤིང་། རང་འགུལ་ངང་རྒྱལ་ཁབ་ཀྱི་ཚད་གཞི་དང་རྒྱལ་ཁབ་ཀྱི་ཆུ་ཚད་ལ་མིག་བལྟོས་བྱས་ནས་སྤུས་ཚད་མཐོ་རུ་གཏོང་བའི་ཐད་ནུས་ཤུགས་ཡོད་རྒུས་ཤུགས་རྒྱག་དགོས་པ་དང་། སྤུས་ལེགས་དོ་སྙོམས་ལ་དམིགས་ནས་སྤུས་ལེགས་མཁོ་སྤྲོད་ཐད་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་རྒྱག་དགོས། སློབ་གྲྭ་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱིས་ཤུགས་མཉམ་འདོན་བྱེད་པར་སྐུལ་འདེད་བཏང་ནས་མཉམ་སྒྲུབ་ལ་སྐུལ་འདེད་གཏོང་བའི་ཐད་ནུས་ཤུགས་ཡོད་རྒུས་ཤུགས་རྒྱག་དགོས། གཉིས་ནས་དམིགས་ས་ཡོད་པའི་སྒོ་ནས་མཐོ་རིམ་སློབ་གསོ་ཡག་པོ་གཉེར་དགོས་ཤིང་། ཐོན་ལས་ཀྱི་བཀོད་སྒྲིག་དང་ཁྲོམ་རའི་དགོས་མཁོ་ཟུང་འབྲེལ་གྱིས་མཐོ་རིམ་སློབ་གྲྭའི་ཆེད་ལས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གསོར་ཤུགས་སྣོན་རྒྱག་པ། མཐོ་རིམ་སློབ་གསོས་དཔལ་འབྱོར་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། གསུམ་ནས་ནུས་ཤུགས་གཅིག་སྒྲིལ་དང་ཕན་འབྲས་ཐོན་པའི་ངང་ལས་རིགས་སློབ་གསོ་ཡག་པོ་གཉེར་དགོས་ཤིང་།“ཆེད་ལས”མངོན་གསལ་དོད་པོ་ཡོང་བར་བྱས་ནས་ལས་རིགས་སློབ་གསོ་དེ་སློབ་རྒྱུས་སློབ་གསོ་སོགས་ཀྱི་ཁ་ཕྱོགས་ངན་པར་གཉེར་རྒྱུ་ནན་འགོག་བྱས་ཏེ། ཐོན་སློབ་མཉམ་འདྲེས་དང་སློབ་ཁེ་མཉམ་ལས་ལ་ཤུགས་གང་ཐུབ་རྒྱག་དགོས། བཞི་ནས་རང་འགུལ་ངང་བྱས་རྗེས་བཞག་ནས་བོད་ལྗོངས་འཛིན་གྲྭ་ཡག་པོ་གཉེར་དགོས་ཤིང་། “གང་མཁོ”དང“གང་ནུས”ཟུང་འབྲེལ་མཐའ་འཁྱོངས་ཀྱིས་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཤེས་ལྡན་པ་ཕུལ་བྱུང་གསོ་སྐྱོང་བྱེད་དགོས་པ་དང་། “མིག་དཔེ་འདོན་པར་སྣང་ཆེན”དང“དམིགས་བསལ་མེད་པ”མཐའ་འཁྱོངས་ཀྱིས་སློབ་མར་ཤེས་བྱ་ཧུར་ཐག་སྦྱོང་བ་དང་། འཇོན་ཐང་ཆེ་རུ་གཏོང་བ། གཟུགས་གཞི་ཡག་ཏུ་གཏོང་བ་བཅས་ལ་ཁྲིད་སྟོན་བྱེད་དགོས་པ། “ནུས་པ་མང་པོ་འདོན་པ”ལས“རྙོག་དྲ་མི་བཟོ་བ”མཐའ་འཁྱོངས་ཀྱིས་ས་གནས་དེ་གའི་དགེ་སློབ་དང་མང་ཚོགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་མི་རིགས་མཐུན་སྒྲིལ་གྱི་གདོང་ལེན་དཔེ་བཟང་བ་ཡག་པོ་བྱེད་དགོས། ལྔ་ནས་མདུན་གྲལ་དུ་སླེབས་པར་ཤུགས་བརྒྱབ་ནས་སློབ་ཆེན་སློབ་མའི་ལས་ཞུགས་ལ་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། ཁྲོམ་རའི་ལས་ཞུགས་ལས་གཏོད་ཀྱི་དཔེ་མཚོན་དང་རང་ལྗོངས་ཀྱི་གསར་གཏོད་ལས་གཏོད་ལ་སྐུལ་མ་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་ཁག་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས། སློབ་ཐོན་སློབ་མས་ལས་ཞུགས་ཀྱི་འདུ་ཤེས་འགྱུར་ལྡོག་ཧུར་ཐག་གཏོང་བར་ཁྲིད་སྟོན་བྱས་ཏེ། མི་སྒེར་གྱི་རིན་ཐང་དེ་བས་ལེགས་པའི་སྒོ་ནས་མངོན་འགྱུར་ཐུབ་པར་བྱེད་དགོས། དྲུག་ནས་དྲང་སྲུང་གསར་གཏོད་ཀྱིས་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པར་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། “མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ”བཅས་ལ་དམིགས་ནས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་སློབ་མའི་བརྩེ་སེམས་ཟབ་ཏུ་གཏོང་དགོས། བདུན་ནས་མཐའ་ཚད་བརྟན་པོ་བསྲུངས་ནས་སློབ་གསོའི་བདེ་འཇགས་ལ་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། འདུ་ཤེས་འཛིན་སྟངས་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས་པ་དང་ལྷག་པར་དུ་ཆོས་ལུགས་དང་སློབ་གསོ་ལོགས་སུ་བཀར་བའི་རྩ་དོན་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་། སློབ་གྲྭའི་བདེ་འཇགས་ཀྱི་མཐའ་ཚད་བསྲུངས་ནས་དུས་བདེའི་སློབ་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།