ཉིན་ཤས་གོང་རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་ཀྱིས་གཞོན་དར་ལས་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་བཙུགས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཀྲུང་དབྱང་ཏང་གི་སློབ་གྲྭའི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས་སྲིད་གྲོས་ལས་ཁུངས་ཀྱི་གཞོན་དར་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ་རེད།
བཞུགས་མོལ་ཚོགས་འདུའི་ཐོག་སྲིད་གྲོས་ལས་ཁུངས་ཀྱི་གཞོན་དར་ལས་བྱེད་པའི་འཐུས་མི་6གིས་སྤེལ་རེས་གཏམ་བཤད་གནང་བ་རེད། ཀྲོང་ཡན་གྱིས་ནན་ཏན་ངང་གསན་པ་དང་འབྲེལ་ཟིན་ཐོའང་ཞིབ་ཚགས་བསྐྱོན་ཞིང་། ཁོང་གིས་ན་གཞོན་ལས་བྱེད་པ་འཚར་ལོངས་ཡོང་བར་སེམས་ཁུར་བྱ་རྒྱུ་ནི་སྲིད་གྲོས་ཏང་ཙུའི་འགན་འཁྲི་གལ་ཆེན་ཞིག་ཡིན། དེ་མིག་སྔའི་སྲིད་གྲོས་ཀྱི་ལས་དོན་ཁག་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བ་དང་འབྲེལ་བ་ཡོད་པ་དང་། འབྱུང་འགྱུར་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུ་དང་འབྲེལ་བ་ཡོད་པ་མ་ཟད། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་པའི་བརྗིད་ཆེའི་བྱ་གཞག་དང་འབྲེལ་བ་དེ་བས་ཀྱང་ཡོད་ཅེས་གསུངས་པ་རེད།
ཀྲོང་ཡན་གྱིས་ལྗོངས་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱི་གཞོན་དར་ལས་བྱེད་པ་རྣམས་ཀྱིས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་འཆང་བ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གོ་བ་གཏིང་ཟབ་ལོན་པར་བྱེད་པ། རང་རྟོགས་ངང་མི་ཚེའི་ཕུགས་བསམ་དེ་རྒྱལ་ཁབ་དང་མི་རིགས་ཀྱི་བྱ་གཞག་ནང་མཉམ་འདྲེས་ཡོང་བར་བྱེད་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ་བཅས་བྱས་ཏེ། “གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་གི་སྒོ་ནས་བརྩི་བཀུར་ཞུ་མཁན་དང“སྲུང་སྐྱོང་གཉིས”ཀྱི་དཔེ་སྟོན་སྣེ་འདྲེན་པ་ཞིག་བློ་བརྟན་འགྱུར་མེད་ངང་བྱ་རྒྱུ་དང་། འཐབ་རྩོད་ཀྱི་སེམས་ཤུགས་ཆེ་རུ་བཏང་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་བྱེད་རྒྱུ། ཡིན་མིན་ཆེན་པོའི་གནད་དོན་གྱི་མདུན་དུ་ཐོག་མཐའ་བར་གསུམ་དུ་རིག་པ་ཧ་ཅང་དྭངས་གསལ་དང་། ལངས་ཕྱོགས་ཧ་ཅང་སྲ་བརྟན། རྣམ་འགྱུར་ཧ་ཅང་མངོན་གསལ་བཅས་ཡོང་བ་བྱས་ནས་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་རྒྱུ།
དངོས་འཛིན་དངོས་སྒྲུབ་རང་རྟོགས་ཀྱི་གོམས་གཤིས་ལ་འགྱུར་བ་དང་བརྟག་དཔྱད་ཞིབ་འཇུག་ལས་དོན་ཡག་པོ་སྒྲུབ་པའི་གཞི་རྩའི་རྨང་གཞིར་བྱས་ཁར། དངོས་ཐོག་བདེན་འཚོལ་བྱེད་པ་ལས་སྟོང་གཏམ་མི་ཤོད་པ་དང་། འཐབ་རྩོད་བྱེད་ཕོད་པ་ལས་ཕྱིར་བཤོལ་མི་བྱེད་པ། ལས་འགན་ལྕི་པོ་འཁུར་ཕོད་པ་ལས་ལྷོད་གཡེང་མི་གཏོང་བ་བཅས་བྱས་ཏེ། དཀའ་སྤྱད་ལས་བརྩོན་དང་གྲུབ་འབྲས་རྩེར་སོན་ལ་བརྟེན་ནས་རང་ཉིད་ལ་དབང་བའི་ངོ་མཚར་ཆེ་བའི་མི་ཚེ་གཏོད་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཀྲོང་ཡན་གྱིས་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་ཀྱི་ཏང་ཙུའུ་ལ་ལས་བྱེད་པ་འཚར་ལོངས་ཡོང་བ་དང་འཇོན་ཐང་ཆེ་རུ་གཏོང་བའི་ལས་སྟེགས་བསྐྲུན་ཏེ། ལས་བྱེད་པ་ཕུལ་བྱུང་གསོ་སྐྱོང་དང་བསྐོ་སྤྱོད་དང་། ན་གཞོན་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་། རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བཅས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་པ་རེད།
བཞུགས་མོལ་ཚོགས་འདུར་ད་དུང་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་དང་། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ལྷན། སྡེ་ཚོགས་ལྗོངས་ཨུ་ལྷན་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་མཛུབ་ཁྲིད་གནང་བར་གདན་དྲངས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་ཆེད་དོན་ཟུར་ཁྲིད་སྙན་སེང་གནང་བར་གདན་དྲངས་པ་རེད།