ཟླ་5ཚེས་31ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོར“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་དང“ཚོགས་ཆེན་ཉི་ཤུ་པ་དགའ་བས་བསུ། རུ་མི་ཡག་པོ་ཧུར་ཐག་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་རུ་ཁག་ཉིན་མོའི་བྱེད་སྒོར་ཞུགས་པ་རེད། འདི་ནི་ཝང་ཅུན་ཀྲེང་གིས་ལོ་ཆུང་གདོང་ལེན་རུ་མི་རུ་ཁག་ལ་ཞུགས་པའི་མཛད་སྒོ་མཇུག་འགྲིལ་རྗེས་བཀའ་སློབ་གནང་བཞིན་པ།
ཟླ་5ཚེས་31ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོར“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་དང“ཚོགས་ཆེན་ཉི་ཤུ་པ་དགའ་བས་བསུ། རུ་མི་ཡག་པོ་ཧུར་ཐག་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་རུ་ཁག་ཉིན་མོའི་བྱེད་སྒོར་ཞུགས་པ་རེད། འདི་ནི་ཝང་ཅུན་ཀྲེང་གིས་སློབ་གྲྭའི་ཚན་རྩལ་ལས་དོན་ཁང་དུ་དགེ་རྒན་དང་གླེང་མོལ་གནང་བཞིན་པ།
“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་སླེབས་ཉེའི་མཚམས་སུ། ཟླ་5ཚེས་31ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོར“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་དང“ཚོགས་ཆེན་ཉི་ཤུ་པ་དགའ་བས་བསུ། རུ་མི་ཡག་པོ་ཧུར་ཐག་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་རུ་ཁག་ཉིན་མོའི་བྱེད་སྒོར་ཞུགས་པ་རེད། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་ལོ་ཆུང་བྱིས་པ་ཚོར་དུས་ཆེན་གྱི་སྨོན་འདུན་དང་རྒྱ་ཆེའི་དགེ་རྒན་ཚོར་བྱམས་བརྩེའི་འཚམས་འདྲི་ཞུས་པ་རེད། རྒྱ་ཆེའི་ལོ་ཆུང་བྱིས་པ་ཚོས་གསར་བརྗེའི་ས་བོན་རྒྱུན་འཛིན་དང་གསར་བརྗེའི་ལོ་ཆུང་བྱིས་པ་ཧུར་ཐག་བྱས་ནས་ཚད་ལོན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཧུར་ཐག་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲོང་ཡན་དང་། ཕུར་བུ་དོན་གྲུབ། ཟླ་བ་ཚེ་རིང་། ལུའོ་མེ། ཏུའུ་ཅན་ཀུང་བཅས་བྱེད་སྒོར་ལྷན་དུ་ཞུགས་པ་རེད།
ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ལྷ་སར་བཙུགས་པའི་གཞུང་བཙུགས་སློབ་ཆུང་དང་པོ་རེད། འདི་ལོ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སློབ་གྲྭ་བཙུགས་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་རྒྱུ་ཡིན་པས་བརྗོད་དོན་གཙོ་བོའི་རུ་ཁག་གི་ཉིན་མོའི་བྱེད་སྒོ་འདིར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཡོལ་ཙམ་ལ་ཝང་ཅུན་ཀྲེང་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོར་ཕེབས་སྐབས། སྤྱང་གྲུང་ལྡན་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་འཐུས་མིས་མདུན་དུ་བསྐྱོད་དེ་ཕེབས་བསུ་འཚམས་འདྲི་ཞུས་པ་མ་ཟད། ཝང་ཅུན་ཀྲེང་ལ་དམར་མདངས་བཀྲ་བའི་སྐེ་དར་དམར་པོ་ཡང་བཏགས་པ་རེད། དེ་རྗེས་རང་འགུལ་ངང་ཁོང་གི་ཕྱག་ནས་འཇུས་ཏེ་སློབ་གྲྭའི་ནང་ཕེབས་བསུ་ཞུས་པ་རེད།
ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོས་སྤེལ་བཞིན་པའི“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི”ལོ་ཆུང་གདོང་ལེན་རུ་ཁག་གི་བྱེད་སྒོའི་སློབ་ཚན་ཕུན་སུམ་ཚོགས་པོ་ཡོད། རོལ་དབྱངས་ཁང་དུ་ཕྲུ་གུ་ཚོས་དཀྲོལ་བའི་སྒྲ་སྙན་གྱི་འགྱུར་ཁུག་ཧ་ཅང་སྙན་པོ་ཡོད་པས། ཝང་ཅུན་ཀྲེང་གིས་ཕེབས་མཚམས་བཞག་ནས་ཕྲུ་གུ་ཚོར་རྩལ་ནུས་སྣ་མང་ཕུན་སུམ་ཚོགས་པོ་འདུག་ཅེས་བསྔགས་བརྗོད་གནང་བ་རེད། ཚན་རྩལ་ལས་དོན་ཁང་དུ་དགེ་རྒན་གྱིས་ཕྲུ་གུ་ཚོར་ཚན་རིག་ཚོད་ལྟར་ཁྲིད་སྟོན་བྱེད་བཞིན་ཡོད། ཝང་ཅུན་ཀྲེང་གིས་ནན་ཏན་གཟིགས་རྗེས་ཕྲུ་གུ་ཚོར་ཆུང་དུས་ནས་ཚན་རིག་དང་མཐུན་པའི་འདུ་ཤེས་བཙུགས་ཏེ་ཚན་རིག་ལ་སྣང་ཆེན་དང་། ཚན་རིག་ལ་དགའ་ཞེན། ཚན་རིག་སློབ་སྦྱོང་། ཚན་རིག་བེད་སྤྱོད་བཅས་བྱས་ནས། ཤེས་བྱ་སློབ་གཉེར་དང་འཚོལ་ཞིབ་ཀྱི་སེམས་ཤུགས་ནམ་ཡང་ཡོད་དགོས་པའི་ལྕག་སྐུལ་གནང་བ་རེད། མཛེས་རྩལ་ཁང་དུ་ཕྲུ་གུ་ཚོ་སེམས་རྣལ་དུ་ཕབ་ནས་སྦྱོང་བརྡར་བྱེད་བཞིན་པ་གཟིགས་སྐབས། ཝང་ཅུན་ཀྲེང་གིས“ད་ཆ་མིག་ཤེལ་རྒྱག་མཁན་གྱི་ཕྲུ་གུ་མང་པོ་འདུག་གམ”ཞེས་བྱམས་བརྩེའི་ངང་བཀའ་འདྲི་གནང་བ་མ་ཟད། ཕྲུ་གུ་ཚོའི་མིག་ཤེད་སྲུང་སྐྱོང་ལ་དོ་སྣང་བྱས་ནས་ཁོ་ཚོའི་ལུས་སེམས་བདེ་ཐང་ལ་དོ་སྣང་བྱེད་དགོས་ཞེས་བཀའ་མངགས་གནང་བ་རེད།
ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་གི་ཐོག་བརྩེགས་གཉིས་པའི་བྱེད་སྒོ་ཁང་དུ། “སྐེ་དར་དམར་པོའི་བློ་ཁ་ཏང་ལ་ཕྱོགས་པའི”ལོ་ཆུང་གདོང་ལེན་རུ་ཁག་གི་གསར་བརྗེ་འདྲི་འཚོལ་རུ་འབྲིང་ཚོགས་འདུ་འཚོག་བཞིན་ཡོད་པ་དང་། ཝང་ཅུན་ཀྲེང་གིས“གྲོགས་པོའི”མིང་ཐོག་ནས་བྱེད་སྒོར་ཞུགས་པ་རེད། ཉིང་ཁྲི་གྲོང་ཁྱེར་སློབ་ཆུང་གཉིས་པའི་ལོ་རིམ་བཞི་པའི་འཛིན་གྲྭ་ལྔ་པའི་བྱང་ཆུབ་སྒྲོལ་དཀར་གྱིས་སྤོ་བོ་ཞི་ཅིན་ཕིང་ལགས་ཀྱི་ཞབས་རྗེས་བསྙེགས་ཏེ་ཕ་ཡུལ་བྲག་ཕྱི་གྲོང་ཚོར་འཚམས་འདྲི་གནང་བའི་གཏམ་རྒྱུད་བཤད་པ་རེད། ད་ཆ་བྲག་ཕྱི་གྲོང་ཚོ་སྔ་ས་ནས་མིང་དོན་མཚུངས་པའི“རླངས་འཁོར་གྲོང་ཚོ”དང་། “ཡུལ་སྐོར་གྲོང་ཚོ” “འབྱོར་ཕྱུག་གྲོང་ཚོ” “འབྱོར་འབྲིང་གྲོང་ཚོ”བཅས་སུ་གྱུར་ཡོད། བོད་ཀྱི་ལོ་ཆུང་གདོང་ལེན་རུ་མི་ཁག་དང་པོ་རྒན་ཡོལ་ཞུས་པའི་ཏང་ཡོན་རྒན་གྲས་མིག་དམར་ཚེ་རིང་གིས་བོད་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་རྩ་འཛུགས་དང་པོ་བཙུགས་པའི་ལོ་རྒྱུས་ངོ་སྤྲོད་བྱས་པ་རེད། ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་དར་ཆ་དང་པོ་ཕྲུ་གུ་ཚོའི་མིག་མདུན་དུ་སྟོན་སྐབས། ཧ་ལས་ཧང་སངས་པའི་འབོད་སྒྲ་མགྲིན་གཅིག་ཏུ་གྲགས། དར་ཆར་ལྟེབ་ཉེས་ཐེབས་ནས་རྙིང་པ་ཆགས་ཡོད་རུང་། སྔར་བཞིན་དམར་མདངས་བཀྲ དེས་ཕྲུ་གུ་ཚོ་དཔའ་ངར་ཆེན་པོས་མདུན་སྐྱོད་ལ་སྣེ་ཁྲིད་བྱེད་པ་ལྟར་དུ་སྣང་། “ཁྱེད་ཚོའི་གཏམ་རྒྱུད་ཉན་རྗེས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཚང་མ་བདེ་སྐྱིད་ལྡན་པའི་དུས་རབས་སུ་འཚོ་བ་སྐྱེལ་བཞིན་ཡོད་པས། ལོ་ཆུང་བྱིས་པ་ཚོས་སློབ་སྦྱོང་ཡག་པོ་བྱས་ནས་ཉིན་བཞིན་ཡར་རྒྱས་ཡོང་བའི་རེ་བ་ཡོད”ཅེས་གསུངས། ཝང་ཅུན་ཀྲེང་གིས་ཕྲུ་གུ་ཚོར《གཞོན་ནུ་ལོ་ཆུང་ལ་བྲིས་པའི་ཏང་གི་ལོ་རྒྱུས》སོགས་ཀྱི་དཔེ་དེབ་གནང་ནས། ཁོ་ཚོར་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་ངེས་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན། གསར་བརྗེའི་ལོ་ཆུང་བྱིས་པ་ཧུར་ཐག་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་བུ་ཕྲུག་བཟང་པོ་བཅས་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།
ལུས་རྩལ་ཐང་དུ་འཛིན་གྲྭ་ཁག་གིས་ཐའེ་ཆོན་དྲག་རྩལ་དང་། ཞབས་བྲོ། གྱེར་འདོན་སོགས་སྤྲོ་སྣང་ལྡན་པའི་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་ཡོད་པ་དང་། སློབ་གྲྭའི་ཕྱོགས་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་སྤྲོ་སྣང་གིས་ཁེངས་ཡོད། ཝང་ཅུན་ཀྲེང་གིས་སློབ་ཕྲུག་ཚོར་ཕྱག་གཡུག་གཡུག་གནང་བ་དང་འབྲེལ“ཚོགས་ཆེན་ཉི་ཤུ་པ་དགའ་བས་བསུ། རུ་མི་ཡག་པོ་ཧུར་ཐག་བྱེད”ཅེས་པའི་ལོ་ཆུང་གདོང་ལེན་རུ་མི་རུ་ཁག་ལ་ཞུགས་པའི་མཛད་སྒོར་ཞུགས་པ་རེད། རུ་དར་སྟོན་པ་དང་། རུ་གླུ་ལེན་པ། དམ་བཅའ་འཇོག་པ། རུ་ཁག་ལ་གསར་དུ་ཞུགས་པའི་ལོ་ཆུང་གདོང་ལེན་རུ་མིར་སྐེ་དར་དམར་པོ་འདོགས་པ་སོགས་ཀྱི་བརྗིད་ཆེའི་མཛད་སྒོ་མཇུག་འགྲིལ་རྗེས། ཝང་ཅུན་ཀྲེང་གིས་ཚང་མ་གཟི་བརྗིད་ལྡན་པའི་ལོ་ཆུང་གདོང་ལེན་རུ་མིར་གྱུར་པར་རྟེན་འབྲེལ་ཞུས་པ་རེད། ཁོང་གིས་ཕྲུ་གུ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་རེ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱས་ཏེ། ཀུན་སྤྱོད་བཟང་བའི་དུས་རབས་གསར་པའི་ལོ་ཆུང་གདོང་ལེན་རུ་མི་ཡག་པོ་ཞིག་བྱེད་པའི་ཐུགས་རེ་གནང་བ་རེད།
དྲོ་འཇམ་ཉི་འོད་འོག ཕྲུ་གུ་ཚོའི་བཅོས་མིན་གྱི་འཛུམ་མདངས་ལྷག་པར་མཛེས། ཚང་མས་ཧྲུའུ་ཅིའི་ཕྱོགས་སུ་བརྒྱུགས་ནས“སྤོ་ཝང་ལགས་སྐུ་ཁམས་བཟང”ཞེས་དགའ་སྤྲོ་རབ་ཏུ་འཁོལ་བའི་སེམས་པ་མཚོན་པར་བྱས། ཝང་ཅུན་ཀྲེང་གིས་ཕྲུ་གུ་ཚོའི་དཀྱིལ་དུ་བཞེངས་ནས་བཀའ་སློབ་གནང་ཞིང་། ཕྲུ་གུ་ཚོས་དྭངས་གཙང་ལྷད་མེད་ཀྱི་སེམས་པ་འཆང་བཞིན་ཆུང་དུས་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་སྟེ། སློབ་སྦྱོང་ལ་འབད་བརྩོན་ཧུར་ཐག་དང་གཟུགས་པོར་སྦྱོང་བརྡར་བྱས་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ཏེ། ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་པའི་ཐུགས་རེ་གནང་སྐབས། ཕྲུ་གུ་ཚོས་གཟབ་ནན་ངང་ཉན་པ་རེད།
“གཞོན་དུས་སློབ་ལ་མ་འབད་ན། རྒས་དུས་འགྱོད་ཀྱང་ཐབས་གཞན་ཅི” ཝང་ཅུན་ཀྲེང་གིས་ཀྲུའུ་ཤིས་ཀྱི་སྙན་ཚིག་དྲངས་ནས་ཕྲུ་གུ་ཚོས་བྱིས་དུས་ལ་གཅེས་སྤྲས་ལྡབ་བརྒྱ་བྱེད་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་རིག་གནས་ལ་གཞོལ་བ། བདེན་དོན་འཚོལ་ཞིབ་དང་གནས་ལུགས་རྟོགས་པ་བཅས་ཀྱི་ཁ་ཕྱོགས་སུ་མདུན་སྐྱོད་བྱས་ཏེ་ནར་སོན་རྗེས་རླབས་ཆེན་མེས་རྒྱལ་དང་མཛེས་སྡུག་ལྡན་པའི་ཕ་ཡུལ་འཛུགས་སྐྲུན་གྱི་རྐང་འཛིན་པ་ཞིག་བྱེད་པའི་ལྕག་སྐུལ་གནང་བ་རེད།
ཝང་ཅུན་ཀྲེང་གིས་ལོ་ཆུང་བྱིས་པ་ནི་མེས་རྒྱལ་གྱི་མེ་ཏོག་དང་། མི་རིགས་ཀྱི་རེ་བ། རྒྱལ་ཁབ་ཀྱི་འབྱུང་འགྱུར་བཅས་རེད། ཕྲུ་གུ་ཚོས་ཆུང་དུས་ནས་ངལ་རྩོལ་གྱི་སྙིང་སྟོབས་འཇགས་པ་དང་། ནུས་པས་ལྕོགས་ཚོད་ཀྱིས་ངལ་རྩོལ་ལ་ཞུགས་པ་དང་བྱ་བ་སྒྲུབ་པ། ངལ་རྩོལ་ལ་བརྟེན་ནས་བསམ་བློར་ཞུན་བརྡར་གཏོང་བ་དང་རང་ཉིད་ལ་སྦྱོང་བརྡར་སྤྲོད་པ་བཅས་བྱས་ཏེ། དཀའ་སྤྱད་ངལ་རྩོལ་གྱི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་བཏོད་དེ། རླབས་ཆེན་གྱི་དུས་རབས་དང་མཉམ་དུ་ཡར་རྒྱས་དང་མཉམ་དུ་འཚར་ལོངས་ཡོང་བར་བྱེད་དགོས་པའི་ཐུགས་རེ་གནང་བ་རེད། རྒྱ་ཆེའི་དགེ་རྒན་ཚོས་ཐོག་མའི་བསམ་འདུན་བརྟན་སྲུང་དང་བློ་རྩེ་གཅིག་སྒྲིམ་གྱིས་མི་སྣ་གསོ་སྐྱོང་བྱས་ཏེ། ཕྲུ་གུ་ཚོའི་བདེ་ཐང་ངང་འཚར་ལོངས་དང་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་ཁོར་ཡུག་བཟང་པོ་བསྐྲུན་ཏེ། ལོ་ཆུང་བྱིས་པའི“མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་བར”རོགས་རམ་བྱས་ཏེ་ཕུགས་བསམ་དང་། ཀུན་སྤྱོད། རིག་གནས། སྒྲིག་ཁྲིམས་བཅས་ལྡན་པའི་དུས་རབས་ཀྱི་མི་གསར་གསོ་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།