བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།
《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་བཅའ་ཁྲིམས〉ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བརྒྱད་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་འདི་བཞིན་2021ལོའི་ཟླ་9ཚེས་29ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གཉིས་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན། ད་ལྟ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་ཞིང་། ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུའི་ཆེད་དོན་སྤྱི་བསྒྲགས་སྤེལ་རྒྱུ་ཡིན།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།
2021ལོའི་ཟླ་9ཚེས་29ལ།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གཉིས་པས་ཆོད་དོན་བཞག་དོན་དུ།
དང་པོ། 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་བཅའ་ཁྲིམས〉ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》ལ་བཟོ་བཅོས་རྒྱག་རྒྱུ་སྟེ།
(གཅིག)དོན་ཚན་བཅོ་བརྒྱད་པའི་ནང་ཚན་དང་པོ་དང་གཉིས་པ། དོན་ཚན་བཅུ་དགུ་པ། དོན་ཚན་ཉི་ཤུ་པ་བཅས་ཟླ་སྒྲིལ་བཏང་ནས“སྨན་བཅོས་འཕྲོད་སྦྱོར་ལས་ཚན་དང་མི་སྣས་རྒྱུད་ནད་བརྟག་དཔྱད་དང་ཕྲུ་གུ་མ་སྐྱེས་གོང་གི་བརྟག་དཔྱད་ལས་དོན་སྤེལ་དགོས་ཚེ་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་ཚན་པའི་ཞིབ་བཤེར་ཆོག་མཆན་ཐོབ་དགོས་པ་དང་། གཉེན་སྒྲིག་མ་བྱས་གོང་གསོ་རིག་བརྟག་དཔྱད་དང་། ཕྲུ་གུ་མ་སྐྱེས་གོང་གི་འཚག་བཤེར། ཕྲུ་གུ་སྐྱེས་རྒྱུར་རོགས་རམ་བྱེད་པའི་ལག་རྩལ་ཞབས་ཞུ། མངལ་སྦྲུམ་མཚམས་འཇོག ཁམས་དམར་གཅོད་པ་བཅས་ཀྱི་ལས་རིགས་སྤེལ་དགོས་ཚེ་རྫོང་རིམ་པའི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་ཚན་པའི་ཞིབ་བཤེར་ཆོག་མཆན་ཐོབ་དགོས”ཞེས་པར་བཟོ་བཅོས་བྱེད་རྒྱུ་དང་། དོན་ཚན་བཅོ་བརྒྱད་པའི་ནང་ཚན་གསུམ་པ་བསུབ་རྒྱུ།
(གཉིས)དོན་ཚན་ཉེར་ལྔ་པ་དེ“སྨན་བཅོས་དང་འཕྲོད་སྦྱོར་ལས་ཚན་ནམ་ཡང་ན་མི་སྣས་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་ལག་རྩལ་གྱི་འོས་ཐོབ་མེད་པར། རང་མཚམས་ཀྱིས་གཉེན་སྒྲིག་མ་བྱས་གོང་གསོ་རིག་བརྟག་དཔྱད་དང་། རྒྱུད་ནད་བརྟག་དཔྱད། ཕྲུ་གུ་མ་སྐྱེས་གོང་གི་བརྟག་དཔྱད། མངལ་སྦྲུམ་མཚམས་འཇོག་དང་གསོ་རིག་ལག་རྩལ་གསལ་འབྱེད་དམ་ཡང་ན་འབྲེལ་ཡོད་གསོ་རིག་གི་དཔང་རྟགས་བཏོན་མཁན་བཅས་ལ། འཕྲོད་བསྟེན་བདེ་ཐང་སྲིད་འཛིན་ཚན་པས་ཐ་ཚིག་སྒྲོག་དགོས་པ་དང་། ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཚམས་འཇོག་རྒྱུ་དང་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་སྒོར་5000ཡན་ཡིན་པར་ཁྲིམས་འགལ་ཐོབ་ཆའི་ལྡབ་གསུམ་ཡན་ནས་ལྡབ་ལྔ་མན་གྱི་དངུལ་ཆད་འགེལ་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་མེད་པའམ་ཡང་ན་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་5000ཟིན་མེད་པར་སྒོར་5000ཡན་ནས་སྒོར་ཁྲི་2མན་གྱི་དངུལ་ཆད་འགེལ་རྒྱུ”ཞེས་པར་བཟོ་བཅོས་རྒྱག་རྒྱུ།
(གསུམ)དེ་མིན་གྱི་དོན་ཚན་དང་ནང་ཚན་གྱི“འཕྲོད་བསྟེན་སྲིད་འཛིན་སྡེ་ཚན”ཞེས་པ་དེ“འཕྲོད་བསྟེན་བདེ་ཐང་སྲིད་འཛིན་ཚན་པ”ཞེས་པར་བཟོ་བཅོས་རྒྱག་རྒྱུ།
གཉིས་པ། 《རང་སྐྱོང་ལྗོངས་དབུ་བརྙེས་པའི་དྲན་གསོའི་དུས་ཆེན་དང་། བོད་ཀྱི་ལོ་གསར། དཔྱིད་གསར་དུས་ཆེན་བཅས་ཀྱི་སྐབས་སུ་རྒྱལ་དར་འགེལ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན》ལ་བཟོ་བཅོས་རྒྱག་རྒྱུ་སྟེ།
(གཅིག)ནང་ཚན་གཉིས་པའི་ནང་དོན་དེ“རང་སྐྱོང་ལྗོངས་དབུ་བརྙེས་པའི་དྲན་གསོའི་དུས་ཆེན་དང་། བོད་ཀྱི་ལོ་གསར། དཔྱིད་གསར་དུས་ཆེན་དང་སྲོལ་རྒྱུན་གྱི་མི་རིགས་དུས་ཆེན་གཙོ་བོ་བཅས་ཀྱི་སྐབས་སུ་རང་སྐྱོང་ལྗོངས་ཁོངས་རིམ་པ་ཁག་གི་རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ་ཁག རིམ་ཁག་རིགས་ཁག་སློབ་གྲྭ་དང་དེ་བཞིན་ཐང་ཆེན་ཆེ་གྲས་དང་། སྤྱི་གླིང་སོགས་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་དུ་རྒྱལ་དར་འགེལ་དགོས། ཁེ་ལས་དང་བྱ་གཞག་རྩ་འཛུགས། གྲོང་ཚོ་ཨུ་ཡོན་ལྷན་ཁང་། གྲོང་མི་ཨུ་ཡོན་ལྷན་ཁང་། དགོན་སྡེའི་དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང(དམངས་གཙོ་བདག་གཉེར་ཚོགས་ཆུང) གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་སྒོ་རྭ(ཐོག་ཁང) ཆ་རྐྱེན་ཡོད་པའི་སྡེ་ཁུལ་ཆུང་ཆུང་བཅས་ཀྱིས་རྒྱལ་དར་འགེལ་དགོས”ཞེས་པར་བཟོ་བཅོས་རྒྱག་རྒྱུ།
(གཉིས)ནང་ཚན་ལྔ་པའི་ནང་དོན་དེ“རང་སྐྱོང་ལྗོངས་རིམ་ཁག་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་རྒྱལ་དར་དོ་དམ་གྱི་འབྲེལ་ཡོད་ལས་དོན་ལ་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱ་དགོས། རང་སྐྱོང་ལྗོངས་རིམ་ཁག་མི་དམངས་སྲིད་གཞུང་ཚོང་རའི་ལྟ་སྐུལ་དོ་དམ་ཚན་པས་རྒྱལ་དར་བཟོ་བ་དང་བྲིན་ཚོང་ལ་ལྟ་སྐྲུལ་དོ་དམ་བྱེད་དགོས། རང་སྐྱོང་ལྗོངས་རིམ་ཁག་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་རྒྱལ་དར་འགེལ་བ་དང་། བེད་སྤྱོད། ཚུར་བསྡུ་བཅས་བྱེད་པར་ངེས་པར་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས”ཞེས་པར་བཟོ་བཅོས་རྒྱག་རྒྱུ།
གསུམ་པ། 《བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་སྲོལ་ཡིག》ལ་བཟོ་བཅོས་རྒྱག་རྒྱུ་སྟེ།
(གཅིག)དོན་ཚན་ཉེར་གཉིས་པ་དེ“རིག་དངོས་སྲུང་སྐྱོབ་ཀྱི་དངོས་ཡོད་དགོས་མཁོར་གཞིགས་ཏེ་རིག་དངོས་སྲུང་སྐྱོབ་ཚན་པའི་སྲུང་སྐྱོབ་བྱ་ཁོངས་ཀྱི་མཐའ་འཁོར་དུ་འཛུགས་སྐྲུན་ཚོད་འཛིན་ས་ཁོངས་ངེས་ཅན་ཞིག་དབྱེ་བཅད་དང་འབྲེལ་ཁྱབ་བསྒྲགས་བྱེད་དགོས། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་དང་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཡོད་སའི་འཛུགས་སྐྲུན་ཚོད་འཛིན་ས་ཁོངས་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་རྗེས། རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་ཚན་པས་རང་བྱུང་ཐོན་ཁུངས་སྲིད་འཛིན་ཚན་པ་དང་མཉམ་དུ་དབྱེ་བཅད་བྱས་ནས་ཁྱབ་བསྒྲགས་བྱེད་དགོས། གྲོང་ཁྱེར(ས་གནས)རྫོང་བཅས་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཡོད་སའི་འཛུགས་སྐྲུན་ཚོད་འཛིན་ས་ཁོངས་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་རྗེས། རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་ཚན་པས་རང་བྱུང་ཐོན་ཁུངས་སྲིད་འཛིན་ཚན་པ་དང་དབྱེ་བཅད་གཏན་འཁེལ་བྱས་ནས་ཁྱབ་བསྒྲགས་བྱེད་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་རྗེས། རིམ་མཚུངས་རིག་དངོས་སྲིད་འཛིན་ཚན་པས་རང་བྱུང་ཐོན་ཁུངས་སྲིད་འཛིན་ཚན་པ་དང་མཉམ་དུ་དབྱེ་བཅད་བྱས་ནས་ཁྱབ་བསྒྲགས་བྱེད་དགོས།
འཛུགས་སྐྲུན་ཚོད་འཛིན་ས་ཁོངས་ཁྱབ་བསྒྲགས་བྱས་རྗེས། མཚམས་རྡོ་བཙུགས་ནས་ཁྲིམས་ལུགས་གཞིར་བཟུང་སྲུང་སྐྱོབ་དང་ཚོད་འཛིན་བྱེད་དགོས། འཛུགས་སྐྲུན་ཚོད་འཛིན་ས་ཁོངས་སུ་ཨར་སྐྲུན་དངོས་རིགས་དེར་གཏོགས་བཟོ་སྐྲུན་དངོས་རིགས་གསར་དུ་རྒྱག་དགོས་ཚེ་འཛུགས་སྐྲུན་ཚོད་འཛིན་ས་ཁོངས་ཀྱི་སྔར་ཡོད་རྣམ་པར་གཏོར་བཤིག་མི་ཕོག་པ་བྱེད་དགོས། དེའི་འཆར་འགོད་ཇུས་གཞི་ངེས་པར་དུ་རིག་དངོས་སྲུང་སྐྱོབ་སྡེ་ཚན་རིམ་པ་གཞིར་བཟུང་རིམ་པ་གཅིག་ མཚུངས་ཀྱི་རིག་དངོས་སྲིད་འཛིན་ཚན་པའི་མོས་མཐུན་ཐོབ་པ་བརྒྱུད་རང་བྱུང་ཐོན་ཁུངས་སྲིད་འཛིན་ཚན་པར་ཞིབ་མཆན་ཞུ་དགོས།
རིག་དངོས་སྲུང་སྐྱོབ་ཚན་པའི་འཛུགས་སྐྲུན་ཚོད་འཛིན་ས་ཁོངས་སུ། རིག་དངོས་སྲུང་སྐྱོབ་སྡེ་ཚན་དང་དེའི་ཁོར་ཡུག་དང་དེར་གཏོགས་བཟོ་སྐྲུན་དངོས་རིགས་ལ་སྦགས་བཙོག་བཟོ་བའི་སྒྲིག་བཀོད་དམ་ཡང་ན་ཐོག་བརྩེགས་མཐོ་བའི་ཨར་སྐྲུན་དངོས་རིགས་གསར་དུ་རྒྱག་མི་ཆོག རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་བདེ་འཇགས་དང་དེའི་ཁོར་ཡུག་ལ་གནོད་སྲིད་པའི་བྱེད་སྒོ་སྤེལ་མི་ཆོག ཡོད་ཟིན་པའི་རིགས་ལ་ངེས་པར་དུ་དུས་བཀག་ལྟར་བཅོས་སྐྱོང་བྱེད་དགོས་པ་དང་། དེའི་འགྲོ་གྲོན་རྣམས་འཛུགས་སྐྲུན་སྡེ་ཚན་གྱིས་སྤྲོད་འགན་འཁུར་དགོས”ཞེས་པར་བཟོ་བཅོས་རྒྱག་རྒྱུ།
(གཉིས)དོན་ཚན་སོ་བདུན་པ་དེ“རྒྱལ་ཁབ་ལ་བདག་པའི་རིག་དངོས་བསྡུ་ཉར་སྡེ་ཚན་ནས་སྡེ་ཚན་དང་མི་སྒེར་ལ་རྟེན་མཛོད་དུ་ཉར་ཚགས་བྱས་པའི་རིག་ དངོས་ལག་རྟགས་ལ་སྤྲོད་པ་དང་། བོག་མར་གཏོང་བའམ་ཡང་ན་ཕྱིར་ཚོང་བཅས་བྱེད་མི་ཆོག”ཅེས་པར་བཟོ་བཅོས་རྒྱག་རྒྱུ།
(གསུམ)དོན་ཚན་ཞེ་གཉིས་པའི་ནང་གི“རིག་དངོས་ཚོང་ཁང་འཛུགས་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་དངོས་སྲིད་འཛིན་སྡེ་ཚན་ནམ་ཡང་ན་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ཆོག་མཆན་ཐོབ་དགོས”ཞེས་པ་དེ“རིག་དངོས་ཚོང་ཁང་འཛུགས་པར་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་པའི་ཆོག་མཆན་ཐོབ་དགོས”ཞེས་པར་བཟོ་བཅོས་བྱེད་རྒྱུ།
(བཞི)དོན་ཚན་ཞེ་གསུམ་པའི་ནང་ཚན་དང་པོ་དེ“ཁྲིམས་ལྟར་བཙུགས་པའི་ཧབ་འཚོང་སྐུལ་མཁན་ཁེ་ལས་ཀྱིས་རིག་དངོས་ཧབ་འཚོང་སྐྲུལ་དགོས་ཚེ་ངེས་པར་དུ་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་ཚན་པས་སྤྲད་པའི་རིག་དངོས་ཧབ་འཚོང་སྐུལ་བའི་འཁྲོལ་འཛིན་ཐོབ་དགོས”ཞེས་པར་བཟོ་བཅོས་རྒྱག་རྒྱུ།
(ལྔ)དོན་ཚན་ཞེ་ལྔ་པའི་ནང་ཚན་དང་པོའི་ནང་གི“རིག་དངོས་ཚོང་ཁང་གིས་རིག་དངོས་བཙོངས”ཞེས་པ་དེ་བསྲུབ་རྒྱུ།
(དྲུག)དོན་ཚན་ང་བརྒྱད་པ་དེ“གཤམ་གསལ་གྱི་བྱེད་སྤྱོད་རིགས་ཤིག་ཡོད་རུང་ཉེས་གསོག་གི་ཚད་ལ་སླེབས་མེད་པར་རྫོང་རིམ་པ་ཡན་གྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ཡོ་སྲང་བྱེད་དགོས་པའི་བཀའ་གཏོང་དགོས་པ་དང་། མཇུག་འབྲས་ཚབས་ཆེན་བཟོ་མཁན་ལ་སྒོར་ཁྲི་5ཡན་དང་སྒོར་ཁྲི་20མན་གྱི་དངུལ་ཆད་གཅོད་དགོས། ཉེས་ཚབས་ཆེ་རིགས་ལ་ཐོག་མར་ལག་ཁྱེར་སྤྲོད་མཁན་ལས་ཁུངས་ཀྱིས་འོས་ཐོབ་ལག་ཁྱེར་མེད་པ་བཟོ་རྒྱུ་སྟེ།
(གཅིག)རིག་དངོས་སྲུང་སྐྱོབ་ཚན་པའི་སྲུང་སྐྱོབ་བྱ་ཁོངས་ནང་དུ་རང་དགར་འཛུགས་སྐྲུན་གྱི་ཨར་ལས་སམ་ཡང་ན་འབར་གཏོར་དང་། གསོར་འབིགས། སྔོག་འདོན་སོགས་བྱེད་པ་དང་།
(གཉིས)རིག་དངོས་སྲུང་སྐྱོབ་ཚན་པའི་འཛུགས་སྐྲུན་ཚོད་འཛིན་ས་ཁོངས་སུ་འཛུགས་སྐྲུན་ལས་གྲྭ་གཉེར་བ་དེའི་ལས་གྲྭའི་ཇུས་གཞི་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་མོས་མཐུན་བརྒྱུད་མེད་པར་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་ལོ་རྒྱུས་རྣམ་པར་གཏོར་བཤིག་ཕོག་པ།
(གསུམ)རང་དགར་གནས་སྤོ་དང་གནས་སྤོ་མི་ཆོག་པའི་རིག་དངོས་བཤིག་པའི་རིགས།
(བཞི)རང་དགར་གནས་སྤོ་མི་ཆོག་པའི་རིག་དངོས་ཉམས་གསོ་བྱས་ནས་རིག་དངོས་ཀྱི་སྔར་ཡོད་རྣམ་པ་མངོན་གསལ་དོད་པོས་འགྱུར་ལྡོག་བྱུང་བའི་རིགས།
(ལྔ)སྔར་ཡོད་རིག་དངོས་གནས་ཡུལ་དུ་གཏོར་བརླག་ཏུ་སོང་བའི་གནས་སྤོ་མི་ཆོག་པའི་རིག་དངོས་རང་དགར་བསྐྱར་སྐྲུན་བྱས་ནས་རིག་དངོས་གཏོར་བརླག་ཏུ་སོང་རིགས།
(དྲུག)ཨར་ལས་སྡེ་ཚན་གྱིས་རིག་དངོས་སྲུང་སྐྱོབ་ལས་གྲྭ་བསྒྲུབ་རྒྱུའི་འོས་ཐོབ་ལག་ཁྱེར་ཐོབ་མེད་པར་རང་དགར་རིག་དངོས་ཉམས་གསོ་དང་། གནས་སྤོ། བསྐྱར་སྐྲུན་བཅས་བྱས་པ།
རིག་དངོས་ཐོག་རི་མོ་འབྲི་བ་དང་བཙོག་པས་སྦགས་པའམ་རིག་དངོས་གཏོར་སྐྱོན་ཚབས་ཆེ་མེད་པ། ཡང་ན་རིག་དངོས་སྡེ་ཚན་གྱི་མཚོན་རྟགས་གཏོར་བརླག་གཏོར་མཁན་ལ་སྤྱི་བདེ་ལས་ཁུངས་སམ་རིག་དངོས་གནས་སའི་སྡེ་ཚན་གྱིས་ཐ་ཚིག་བསྒྲག་རྒྱུ་དང་འབྲེལ་དངུལ་ཆད་བཅད་ཆོག”ཅེས་པར་བཟོ་བཅོས་རྒྱག་རྒྱུ།
(བདུན)དོན་ཚན་བཅུ་གཅིག་པ་དང་ཉེར་བཞི་པ། རེ་གཅིག་པ་བཅས་ནང་གི“འཛུགས་སྐྲུན”ཞེས་པ་དེ“རང་བྱུང་ཐོན་ཁུངས་དང་། སྡོད་ཁང་གྲོང་ཁྱེར་ གྲོང་གསེབ་འཛུགས་སྐྲུན”ཞེས་པར་བཟོ་བཅོས་བྱེད་རྒྱུ། དོན་ཚན་ཉེར་བརྒྱད་པ་དང་དོན་ཚན་ཉེར་དགུ་པའི་ནང་གི“འཛུགས་སྐྲུན་སྲིད་འཛིན་ཚན་པ”ཞེས་པ་དེ་“གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་སྲིད་འཛིན་ཚན་པ”ཞེས་པར་བཟོ་ཅོས་བྱེད་རྒྱུ། དོན་ཚན་བཅུ་གཅིག་པ་དང་བཅུ་བདུན་པ། ཞེ་དྲུག་པ། རེ་གཅིག་པ་བཅས་ནང་གི“བཟོ་ཚོང”ཞེས་པ་དང་དོན་ཚན་ཞེ་གཉིས་པ་ནང་གི“བཟོ་ཚོང་སྲིད་འཛིན་དོ་དམ”ཞེས་པ་དེ“ཁྲོམ་རའི་ལྟ་སྐུལ་དོ་དམ”ཞེས་པར་བཟོ་བཅོས་རྒྱག་རྒྱུ།
བཞི་པ། 《བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ལམ་སྐྱེལ་འདྲེན་སྲོལ་ཡིག》ལ་བཟོ་བཅོས་བྱ་རྒྱུ་སྟེ།
(གཅིག)དོན་ཚན་བརྒྱད་པ་དང་དགུ་པ་དེ་ཟླ་སྒྲིལ་བཏང་ནས“རྒྱ་ལམ་སྐྱེལ་འདྲེན་དང་དེ་བཞིན་འབྲེལ་ཡོད་ལས་སྒོ་གཉེར་སྐབས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཁྲིམས་ལྟར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཚན་པར་འབྲེལ་ཡོད་ཐོ་འགོད་འགྲོ་ལུགས་གཉེར་རྗེས། འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཚན་ལ་ཆོག་མཆན་ནམ་སྙན་དཔོད་ཞུ་དགོས”ཞེས་པར་བཟོ་བཅོས་རྒྱག་རྒྱུ།
(གཉིས)དོན་ཚན་བཅོ་ལྔ་པ་དང་སོ་བཞི་པ། ཞེ་ལྔ་པ་བཅས་བསྲུབ་རྒྱུ།
(གསུམ)དོན་ཚན་ཞེ་བདུན་པ་དེ“འཕྲུལ་འགུལ་འཁོར་རིགས་ཀྱི་ཁ་ལོ་བའི་སྦྱོང་བརྡར་སློབ་གྲྭར་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཚན་གྱིས་སྙན་དཔོད་དོ་དམ་བྱེད་དགོས”ཞེས་པར་བཟོ་བཅོས་རྒྱག་རྒྱུ།
(བཞི)དོན་ཚན་རེ་བརྒྱད་པའི་ནང་གི“ཆོག་མཆན་མ་ཐོབ་པར་རང་འཚམ་གྱིས་འཕྲུལ་འགུལ་འཁོར་རིགས་ཀྱི་ནུས་པ་ཞིབ་དཔྱད་ལས་གཉེར་བྱེད་པར་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ཀྱིས་ལས་གཉེར་བྱེད་མཚམས་འཇོག་ཏུ་འཇུག་རྒྱུ་དང་ཁྲིམས་འགལ་གྱི་ཐོབ་ཆ་ཡོད་རིགས་གཞུང་བཞེས་གཏོང་རྒྱུ་མ་ཟད། ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་2ཡན་ནས་ལྡབ་6མན་གྱི་དངུལ་ཆད་འགེལ་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་མེད་པའམ་ཡང་ན་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་1ལོན་མེད་ན། སྒོར་ཁྲི་2ཡན་ནས་སྒོར་ཁྲི་4མན་གྱི་དངུལ་ཆད་འགེལ་རྒྱུ”ཞེས་པ་དེ་བསྲུབ་རྒྱུ།
ལྔ་པ། 《བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ཁྲོམ་རའི་དོ་དམ་སྲོལ་ཡིག》ལ་བཟོ་བཅོས་བྱ་རྒྱུ་སྟེ།
(གཅིག)དོན་ཚན་བཅུ་གཉིས་པའི་ནང་ཚན་དང་པོ་དེ“རོལ་རྩེད་ཁང་གི་རིགས་འཛུགས་གཉེར་བྱེད་མཁན་གྱིས་ངེས་པར་དུ་ས་གནས་དེ་གའི་གྲོང་ཁྱེར(ས་གནས)མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་ཚན་པར་ཆོག་འཐུས་ཡོང་རེ་ཞུ་དགོས”ཞེས་པར་བཟོ་བཅོས་བྱེད་རྒྱུ། དོན་ཚན་བཅུ་གཉིས་པའི་ནང་ཚན་གཉིས་པ་དེ་བསྲུབ་རྒྱུ།
(གཉིས)དོན་ཚན་བཅུ་དྲུག་པའི་ནང་ཚན་དང་པོ་དེ“རིག་གནས་ཀྱི་ལས་གཉེར་བྱེད་སྒོ་སྤེལ་མཁན་སྡེ་ཚན་ནམ་ཡང་ན་མི་སྒེར་ལ་ཁྲིམས་ལྟར་ལས་གཉེར་ལག་ཁྱེར་དང་འབྲེལ་ཡོད་ཆོག་མཆན་བཀོད་པའི་ཡིག་ཆ། ཆོག་འཐུས་ལག་ཁྱེར་ཐོབ་རྗེས་ཉིན་15ནང་ཚུན་དུ་རང་ཉིད་གནས་སའི་རྫོང་རིམ་པའི་སྤྱི་བདེ་ཚན་པར་སྙན་དཔོད་ཞུ་དགོས”ཞེས་པར་བཟོ་བཅོས་རྒྱག་རྒྱུ།
(གསུམ)དོན་ཚན་ཉེར་དྲུག་པ་དེ“མཉམ་སྦྲེལ་དྲ་རྒྱའི་དྲ་ཞུགས་ཞབས་ཞུའི་ལས་གཉེར་ཁང་འཛུགས་པའི་རིགས་དེའི་ལས་གཉེར་རྒྱ་ཁྱོན་རྨིད་ངོས་གྲུ་20ལས་ཉུང་མི་ཆོག་པ་དང་རྩིས་འཁོར་འཁོར་རྐྱང་གི་རྒྱ་ཁྱོན་རྨིད་ངོས་གྲུ་2ལས་ཉུང་མི་ཆོག”ཅེས་པར་བཟོ་བཅོས་རྒྱག་རྒྱུ།
(བཞི)དོན་ཚན་ཉེར་བདུན་པའི་ནང་ཚན་གཉིས་པའི་ནང་གི“སློབ་གྲྭ་ཆུང་འབྲིང”ཞེས་པ་དེ“སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང”ཞེས་པར་བཟོ་བཅོས་རྒྱག་རྒྱུ།
(ལྔ)དོན་ཚན་བདུན་པའི་ནང་ཚན་གཉིས་པའི་ནང་གི“འཕྲོད་བསྟེན”དང“ཁོར་ཡུག་སྲུང་སྐྱོབ”ཞེས་པ་དེ“འཕྲོད་བསྟེན་བདེ་ཐང”དང“སྐྱེ་ཁམས་ཁོར་ཡུག”ཅེས་པར་བཟོ་བཅོས་བྱེད་རྒྱུ། དོན་ཚན་བདུན་པའི་ནང་ཚན་གཉིས་པ་དང་། དོན་ཚན་བཅུ་གཅིག་པ། དོན་ཚན་ཞེ་དགུ་པ། དོན་ཚན་ལྔ་བཅུ་པ་བཅས་ནང་གི“བཟོ་ཚོང”ཞེས་པ་དང་དོན་ཚན་བཅོ་ལྔ་པའི་ནང་ཚན་དང་པོ་དང་དོན་ཚན་ང་ལྔ་པ། དོན་ཚན་ང་བརྒྱད་པ་བཅས་ཀྱི་ནང་གི“བཟོ་ཚོང་སྲིད་འཛིན་དོ་དམ”ཞེས་པ་དེ“ཁྲོམ་རའི་ལྟ་སྐུལ་དོ་དམ”ཞེས་པར་བཟོ་བཅོས་རྒྱག་རྒྱུ།
དྲུག་པ། 《བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་སྲོལ་ཡིག》ལ་བཟོ་བཅོས་བྱ་རྒྱུ་སྟེ།
(གཅིག)དོན་ཚན་བཞི་བཅུ་པའི་ནང་ཚན་དང་པོ་དེ“ཡུལ་སྐོར་ལས་གཉེར་ཁང་འཛུགས་དགོས་ཚེ། ངེས་པར་དུ་ཁྲིམས་བཞིན་ཡུལ་སྐོར་གཙོ་འགན་ཚན་པའི་ཆོག་འཐུས་ཐོབ་པ་བྱེད་དགོས་པ་མ་ཟད་བཟོ་ཚོང་ཐོ་འགོད་ཀྱི་འགྲོ་ལུགས་ཀྱང་གཉེར་དགོས”ཞེས་པར་བཟོ་བཅོས་རྒྱག་རྒྱུ།
(གཉིས)དོན་ཚན་གྱ་གཉིས་པའི་ནང་ཚན་དང་པོའི་ནང་གི“སྣེ་ཁྲིད་པའི་ལག་ཁྱེར”ཞེས་པ་དེ་བསྲུབ་རྒྱུ།
བདུན་པ། 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུའི་བཅའ་ཁྲིམས〉ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》ལ་བཟོ་བཅོས་རྒྱག་རྒྱུ་སྟེ།
(གཅིག)དོན་ཚན་ཞེ་བརྒྱད་པ་དེ“ལས་རིགས་མཚམས་སྦྱོར་ལས་ཚན་འཛུགས་པར་ངེས་པར་དུ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཚན་པར་ཕྱིན་ཏེ་ཐོ་འགོད་གཉེར་རྗེས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་ཚན་པར་སྲིད་འཛིན་བཀའ་ཁྲོལ་ཞུ་དགོས། ཁྲིམས་ལྟར་བཀའ་ཁྲོལ་དང་ཐོ་འགོད་བྱས་མེད་ཚེ་ལས་རིགས་མཚམས་སྦྱོར་བྱེད་སྒོ་སྤེལ་མི་ཆོག”ཞེས་པར་བཟོ་བཅོས་རྒྱག་རྒྱུ་མ་ཟད་དོན་ཚན་ཞེ་བརྒྱད་པ་དང་དོན་ཚན་ཞེ་བདུན་པ་གོ་རིམ་བརྗེ་རྒྱུ།
(གཉིས)དོན་ཚན་ལྔ་བཅུ་པ་དེ“ངལ་ནུས་མངགས་གཏོང་བྱེད་མཁན་ལས་སྒོ་ཚན་པས་ངེས་པར་དུ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་ཚན་པར་ཁྲིམས་ལྟར་སྲིད་འཛིན་བཀའ་ཁྲོལ་ཞུ་དགོས། བཀའ་ཁྲོལ་ཐོབ་པ་བརྒྱུད། ཁྲིམས་ལྟར་བབ་མཚུངས་ཀྱི་ཀུང་སིའི་ཐོ་འགོད་བྱེད་དགོས། ཆོག་མཆན་མ་ཐོབ་པར་སྡེ་ཚན་དང་མི་སྒེར་སུ་ཞིག་གིས་ཀྱང་ལས་རིགས་མཚམས་སྦྱོར་བྱེད་སྒོ་སྤེལ་མི་ཆོག
ལས་རིགས་མཚམས་སྦྱོར་སྡེ་ཚན་གྱིས་ལས་ཞུགས་པ་མཚམས་སྦྱོར་བྱེད་སྐབས་ངེས་པར་དུ་ལས་རིགས་མཚམས་སྦྱོར་གྱི་རྣམ་པ་དང་ལེན་བྱས་པའི་ལས་མི་བཀོལ་སྤྱོད་བྱེད་མཁན་སྡེ་ཚན་དང་ལས་རིགས་མཚམས་སྦྱོར་གྱི་གྲོས་མཐུན་འཇོག་དགོས། ལས་རིགས་མཚམས་སྦྱོར་སྡེ་ཚན་གྱིས་ངེས་པར་དུ་མཚམས་སྦྱོར་བྱས་པའི་ལས་ཞུགས་པ་དང་ལོ་2ཡན་གྱི་དུས་མཚམས་གཏན་འཇགས་ཀྱི་ངལ་རྩོལ་གན་རྒྱ་འཇོག་དགོས་པ་དང་ཟླ་རེ་བཞིན་ངལ་རྩོལ་ཐོབ་ཆ་སྤྲོད་དགོས། མཚམས་སྦྱོར་བྱས་པའི་ལས་ཞུགས་པར་ལས་ཀ་མེད་པའི་དུས་སུ། ལས་རིགས་མཚམས་སྦྱོར་སྡེ་ཚན་གྱིས་ངེས་པར་དུ་ས་གནས་དེ་གའི་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱས་པའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལས་མི་དམའ་བ་ལྟར་ལས་ཞུགས་པར་ཟླ་རེར་ཐོབ་ཆ་སྤྲོད་དགོས”ཞེས་པར་བཟོ་བཅོས་རྒྱག་རྒྱུ།
(གསུམ།)དོན་ཚན་དོན་གཉིས་པ་དེ“བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ནས། ཆོག་མཆན་མ་ཐོབ་པར་ལས་རིགས་མཚམས་སྦྱོར་ལས་སྒོ་རང་དགར་གཉེར་མཁན་ལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་ཚན་པས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཚམས་འཇོག་འགན་དཀྲི་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད་ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་1ཡན་ནས་ལྡབ་5མན་གྱི་དངུལ་ཆད་འགེལ་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་མེད་ན། སྒོར་ཁྲི་5མན་གྱི་དངུལ་ཆད་འགེལ་ཆོག
ལས་རིགས་མཚམས་སྦྱོར་སྡེ་ཚན་དང་ལས་མི་བཀོལ་སྤྱོད་བྱེད་མཁན་སྡེ་ཚན་གྱིས་བྱ་ཐབས་འདིའི་ལས་རིགས་མཚམས་སྦྱོར་གྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་ཚེ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་ཚན་པས་དུས་བཀག་ནང་ཡོ་སྲང་བྱེད་དུ་འཇུག་དགོས། དུས་བཀག་ནང་ཡོ་སྲང་མ་བྱས་ཚེ། མི་རེར་སྒོར་5000ཡན་དང་ཁྲི་1མན་གྱི་ཚད་གཞི་བཞིན་དངུལ་ཆད་འགེལ་རྒྱུ་དང་ལས་རིགས་མཚམས་སྦྱོར་སྡེ་ཚན་དེའི་ལས་རིགས་མཚམས་སྦྱོར་གཉེར་སྐྱོང་བྱས་ཆོག་པའི་ལག་ཁྱེར་མེད་པ་བཟོ་རྒྱུ། ལས་མི་བཀོལ་སྤྱོད་བྱེད་མཁན་སྡེ་ཚན་གྱིས་མཚམས་སྦྱོར་བྱས་པའི་ལས་ཞུགས་པར་གྱོང་གུན་བཟོས་ཚེ། ལས་རིགས་མཚམས་སྦྱོར་སྡེ་ཚན་དང་ལས་མི་བཀོལ་སྤྱོད་བྱེད་མཁན་སྡེ་ཚན་གྱིས་རྗེས་འབྲེལ་གྱི་སྐྱིན་ཚབ་འཇལ་འགན་འཁུར་རྒྱུ”ཞེས་པར་བཟོ་བཅོས་བྱེད་རྒྱུ།
(བཞི)དོན་ཚན་དོན་གསུམ་པ་དེ་བསུབ་རྒྱུ།
བརྒྱད་པ། 《བོད་རང་སྐྱོང་ལྗོངས་ཀྱི་སྦྲག་སྲིད་སྲོལ་ཡིག》ལ་བཟོ་བཅོས་བྱ་རྒྱུ་སྟེ།
(གཅིག)དོན་ཚན་སོ་གཅིག་པའི་ནང་གསེས་དང་པོ་དང་གཉིས་པ་དེ་ཟླ་སྒྲིལ་བཏང་ནས“(གཅིག)རང་དགར་སྦྲག་སྲིད་ཡོངས་ཁྱབ་ཞབས་ཞུའི་ལས་སྒོ་དང་དམིགས་བསལ་ཞབས་ཞུའི་ལས་སྒོ་མཚམས་བཞག་པའམ་ཚོད་འཛིན་བྱེད་པ”ཞེས་པར་བཟོ་བཅོས་བྱེད་རྒྱུ་དང་། དོན་ཚན་འདིའི་དེ་མིན་ནང་གསེས་ཀྱི་གོ་རིམ་རིམ་འདེད་བྱ་རྒྱུ།
(གཉིས)དོན་ཚན་དྲུག་བཅུ་པ་དེ་“སྦྲག་སྲིད་ཁེ་ལས་ལ་སྲོལ་ཡིག་འདིའི་དོན་ཚན་སོ་གཅིག་པའི་ནང་གསེས་དང་པོ་དང་གཉིས་པའི་ནང་གསལ་གྱི་བྱ་སྤྱོད་གྲས་ཤིག་ཡོད་ཚེ་སྦྲག་སྲིད་དོ་དམ་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་རྒྱུ་དང་། སྒོར་ཁྲི་1མན་གྱི་དངུལ་ཆད་འགེལ་ཆོག གནས་ཚུལ་ཚབས་ཆེ་རིགས་ལ་སྒོར་ཁྲི་2ཡན་ནས་ཁྲི་ལྔ་5མན་གྱི་དངུལ་ཆད་འགེལ་རྒྱུ། འགན་ཐད་ཀར་འཁུར་མཁན་གཙོ་འགན་འཁུར་མཁན་དང་དེ་མིན་འགན་འཁྲི་ཐད་ཀར་འཁུར་མཁན་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།
སྦྲག་སྲིད་ཁེ་ལས་ཀྱི་ལས་བྱར་སྲོལ་ཡིག་འདིའི་དོན་ཚན་སོ་གཅིག་པའི་ནང་གསེས་གསུམ་པའི་ནང་གསལ་གྱི་བྱ་སྤྱོད་ཡོད་པ་དང་། རྐང་བཙུགས་ནས་སྦྲག་བསྐུར་སྐྱེལ་སྤྲོད་ནར་འགྱངས་གཏོང་མཁན་ལ་སྦྲག་སྲིད་ཁེ་ལས་ཀྱིས་ཆད་པ་གཅོད་རྒྱུ།
སྦྲག་སྲིད་ཁེ་ལས་དང་མྱུར་སྐྱེལ་ཁེ་ལས་ལ་སྲོལ་ཡིག་འདིའི་དོན་ཚན་སོ་གཅིག་པའི་ནང་གསེས་ལྔ་པའི་ནང་གསལ་གྱི་བྱ་སྤྱོད་ཡོད་ཚེ་རིན་གོང་གཙོ་འགན་ཚན་པས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས》ཀྱི་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་དགོས”ཞེས་པར་བཟོ་བཅོས་རྒྱག་རྒྱུ།
ཆོད་དོན་འདི་ཁྱབ་བསྒྲགས་བྱས་ཉིན་ནས་ལག་བསྟར་བྱེད་རྒྱུ།
《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་བཅའ་ཁྲིམས〉ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》དང《རང་སྐྱོང་ལྗོངས་དབུ་བཪྙེས་པའི་དྲན་གསོའི་དུས་ཆེན་དང་། བོད་ཀྱི་ལོ་གསར། དཔྱིད་གསར་དུས་ཆེན་བཅས་ཀྱི་སྐབས་སུ་རྒྱལ་དར་འགེལ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན》 《བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་སྲོལ་ཡིག》 《བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ལམ་སྐྱེལ་འདྲེན་སྲོལ་ཡིག》 《བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ཁྲོམ་རའི་དོ་དམ་སྲོལ་ཡིག》 《བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་སྲོལ་ཡིག》 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུའི་བཅའ་ཁྲིམས〉ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》 《བོད་རང་སྐྱོང་ལྗོངས་ཀྱི་སྦྲག་སྲིད་སྲོལ་ཡིག》བཅས་ཆོད་དོན་འདིར་གཞིགས་ནས་བབ་མཚུངས་ཀྱི་བཟོ་བཅོས་བརྒྱབ་རྗེས་བསྐྱར་དུ་ཁྱབ་བསྒྲགས་བྱེད་རྒྱུ།
(རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུས་ཀྱིས་མཁོ་འདོན་བྱས་པ་གཞིར་བཟུང)
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣