དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཞི་བཅུ་པ་གྲོལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-06-01

    ཚེས་26ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཞི་བཅུ་པ་ལྷ་སར་གྲོལ་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་གསུང་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཏིང་ཡེ་ཤན་དང་། ནོར་བུ་དོན་གྲུབ། རྡོ་ཐོགས། བསྟན་ཁོ། འོད་ཟེར། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། ཉི་མ་ཚེ་རིང་། ཅི་གོ་ཀང་། མཱ་ཧྲེང་ཁྲང་། ཝང་ཅུན། ཐང་མིང་དབྱིང་བཅས་དང་དྲུང་ཆེ་ལིའུ་ཀོང་ཤུས་ཚོགས་འདུར་ཞུགས་ཡོད་པ་རེད། 

    ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》དང་། 《བོད་རང་སྐྱོང་ལྗོངས་ཀྱི་དུས་བདེ་འཛུགས་སྐྲུན་སྲོལ་ཡིག》 《བོད་རང་སྐྱོང་ལྗོངས་སྤྱི་བདེ་ལས་ཁུངས་ཀྱི་ཉེན་དོན་གཞོགས་འདེགས་མི་སྣའི་དོ་དམ་སྲོལ་ཡིག》 《བོད་རང་སྐྱོང་ལྗོངས་ཀྱི་མེ་ཟོན་སྲོལ་ཡིག》《བོད་རང་སྐྱོང་ལྗོངས་ཀྱི་སྨན་རྫས་དོ་དམ་སྲོལ་ཡིག》བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། 《ལྷ་ས་གྲོང་ཁྱེར་གྱི་ལྷོ་རི་བྱང་རིའི་སྔོ་འགྱུར་དོ་དམ་སྲོལ་ཡིག》ལ་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་བ། 《རང་སྐྱོང་ལྗོངས་ཀྱི་ཆུས་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་གྲུབ་ཆའི་མི་སྣའི་སྐལ་གྲངས་ཡང་བསྐྱར་གཏན་འཁེལ་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》དང་། 《ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་འཐུས་མིའི་སྐལ་གྲངས་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས》བཅས་ལ་གྲོས་འཆམ་བྱུང་བ། མི་དོན་བསྐོ་འཐེན་གྱི་གྲོས་གཞིར་གྲོས་འཆམ་བྱུང་བ། བསྐོ་གཞག་བྱས་པའི་མི་སྣར་བློ་བཟང་རྒྱལ་མཚན་གྱིས་བསྐོ་གཞག་ཡི་གེ་སྤྲད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། “གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་ངང་སྲུང་སྐྱོང་དང་། “སྲུང་སྐྱོང་གཉིས”བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་གི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་ཀྲུང་དབྱང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི“ལྟེ་བར་དམིགས་ནས་ཁྲིམས་འཛུགས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་བ་དང་། ཁྲིམས་འཛུགས་ཀྱི་བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཁྲིམས་སྲོལ་ལག་བསྟར་གནས་ཚུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ”བཅས་ཕྱོགས་གསུམ་གྱི་བླང་བྱ་གཞིར་བཟུང་། རང་འགུལ་ངང་རང་འགན་ཐེག་པ་ཁུར་ལེན་དང་ནུས་པ་ལྡན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པའི་འགན་ལེན་བྱེད་པ་དང་། ཕུན་སུམ་ཚོགས་པའི་ལས་ཀའི་ཕན་འབྲས་ལ་བརྟེན་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུག་ལན་ཞིག་ཕུལ་ཏེ། མི་དམངས་འཐུས་ཚོགས་ལས་དོན་གྱི་ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    ཉིན་དེའི་སྔ་དྲོར། བློ་བཟང་རྒྱལ་མཚན་གྱིས་ཀྲུའུ་རེན་གྱི་ཚོགས་འདུ་ཐེངས་97པ་གཙོ་སྐྱོང་གནང་ནས། མཇུག་འགྲིལ་ཚོགས་འདུའི་ཐོག་བརྡས་ཐག་གཅོད་རྒྱུར་འབུལ་པའི་འབྲེལ་ཡོད་དོན་གནད་ལ་ཞིབ་འཇུག་གནང་བ་རེད།

    ཚོགས་འདུ་གྲོལ་རྗེས། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཤའོ་ཡིའུ་ཚའེ་དང་དེ་བཞིན་གསར་དུ་བསྐོ་གཞག་བྱས་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣས་ཁྲིམས་ལྟར་རྩ་ཁྲིམས་ལ་དམ་བཅའ་བཞག་པ་དང་། འོད་ཟེར་གྱིས་གཙོ་སྐྱོང་གནང་བ་དང་འབྲེལ་དམ་བཅའ་འཇོག་པར་ལྟ་སྐུལ་ཡང་གནང་བ་རེད།

    ཚོགས་འདུའི་རིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས“བོད་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཆད་སྟེགས”གཉེར་བ་དང་བློ་བཟང་རྒྱལ་མཚན་གྱིས་གཙོ་སྐྱོང་གནང་བ་རེད། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡི་མཚན་འཛིན་སུའོ་ཀྲང་ཡའོ་ཐན་ཏུང་གིས《མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་ཞིབ་དཔྱད་ཐེངས་གཉིས་པ》ཞེས་འགོ་བརྗོད་དུ་འཁོད་པའི་འཆད་ཁྲིད་གནང་བ་རེད།

    གཞན་ཡང་གནས་ཚུལ་འབྱོར་གསལ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱི་བཀའ་མངགས་ལྟར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཞི་བཅུ་པའི་རིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཏིང་ཡེ་ཤན་གྱིས་ཚོགས་འདུར་ཟུར་ཞུགས་གནང་བའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་ཁག་གཅིག་དང་བཞུགས་མོལ་གནང་སྟེ། རང་སྐྱོང་ལྗོངས་ཏང་ཨུད་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུའི་གྲ་སྒྲིག་ལ་དམིགས་ནས་བསམ་འཆར་དང་གྲོས་འགོ་གསན་པ་རེད།

    ཚོགས་འདུའི་ཐོག་བཏོན་དོན། རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས“གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་ངང་སྲུང་སྐྱོང་བྱེད་པ་དང་། “སྲུང་སྐྱོང་གཉིས”བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བའི་ཆབ་སྲིད་ཀྱི་མཐོ་ཚད་ནས། རང་སྐྱོང་ལྗོངས་ཏང་ཨུད་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུར་གྲ་སྒྲིག་ཡག་པོ་བྱེད་པ་དང་ཉམས་མྱོང་དང་བྱེད་ཐབས་བཟང་པོར་ཕྱོགས་སྡོམ་དང་ཞུན་བརྡར་བྱས་ནས་ལམ་ལུགས་ཆགས་པ་དང་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པ་དང་། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ལམ་ལུགས་ཀྱི་གདེང་ཚོད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། ཀྲུང་དབྱང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་གྱི་ལྟེ་བའི་དོན་སྙིང་ལ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ནས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྣམས་མི་དམངས་ཀྱི་ཁྲོད་ནས་ཡོང་བ་དང་མི་དམངས་ཀྱི་ཁྲོད་དུ་གཞི་ཚུགས་པའི་ལེགས་ཆ་གང་ལེགས་བཏོན་ཏེ་རང་འགན་གཙང་སྒྲུབ་ནན་ཏན་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།