དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-01

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཚེས་23ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་འབྲེལ་གཏུག་ས་ཚིགས་སུ་ཕེབས་ནས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་། བརྟན་ལྷིང་སྲུང་སྐྱོང་དང་། གཞི་རིམ་བཅོས་སྐྱོང་། ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་རེད།

    གར་པ་སྐྱེ་ཁམས་འབྲོག་རར་ཀྲོང་ཡན་གྱིས་གསོ་ཚགས་ཀྱི་ཕན་འབྲས་དང་། ཐོན་ལས་ཀྱི་རྣམ་པ། མང་ཚོགས་འབབ་འཕར་བྱུང་ཚུལ་བཅས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།

     ས་མཐོའི་དཀར་ཆུའི་ཐོན་ལས་ཀྱི་སྤུས་ཚད་ལེགས་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས་ཞེས་གསུངས་པ་རེད།

    ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ནགས་བཟོའི་ས་ཚིགས་ཀྱི་རྔ་ཆེན་རི་བོའི་ཡུག་ཁུལ་3པར་ཀྲོང་ཡན་གྱིས་ནགས་ཚལ་ལྟ་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་བྱས་ཚུལ་ལ་ས་གནས་ས་ཐོག་ཏུ་གཟིགས་ཞིབ་གནང་བ་དང་། སྡོང་ཕྲུག་དང་། ཆུ་འདྲེན། དོ་དམ་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་སྐོར་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས། ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་རེད། ཁྲེང་ཀོན་ཆུས་ཀྱིས་གནད་སྨིན་ཇུས་འདོན་དང་ཚན་རིག་དང་མཐུན་པའི་དོ་དམ་མཐའ་འཁྱོངས་བྱས་ནས། ཡུལ་བབ་དང་བསྟུན་པ་དང་ཏན་ཏན་ཏིག་ཏིག་གིས་ནགས་ཚལ་ཆགས་ཚད་དང་སྐྱེ་ཚད་མཐོ་རུ་གཏོང་དགོས་པ་དང་། དུས་ཐོག་དང་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་ནགས་ཚལ་ལྟ་ཞིབ་ཀྱི་གྱོད་གཞི་དག་ཐེར་དང་། རིམ་ཁག་ནགས་དཔོན་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས། སྐྱེ་ཁམས་ཤེས་དཔལ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་གང་མགྱོགས་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    རྔ་ཆེན་ཁྲོམ་གཞུང་གར་པ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་དུ་ཀྲོང་ཡན་གྱིས་དྲ་མིག་ཅན་གྱི་དོ་དམ་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་དང་རྩིས་ཐོར་ཞིབ་ཚགས་ངང་གཟིགས་ཤིང་། ཁོང་གིས“ཉེན་བརྡ་གཉིས་དང་སྔོན་འགོག་བཞིའི”སློབ་གསོ་གཏིང་ཟབ་སྤེལ་ནས་སྡེ་ཁུལ་གྱི་ཉེན་དོན་ལས་དོན་གཏིང་ཟབ་དང་། ཞིབ་ཚགས། ཏན་ཏིག་བཅས་སྤེལ་དགོས་པ་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་གྲོང་སྡོད་ལས་བྱེད་པ་དང་བཞུགས་མོལ་གནང་སྐབས་ཁོང་གིས། གྲོང་ཚོ་ཨུ་ལྷན་འདི་ཉིད་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་པོ་ཆགས་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། མཐའ་མཚམས་དང་མངའ་ཁོངས་ས་ཆ་སྲུང་སྐྱོང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་བཅས་ཀྱི་སྲ་ཞིང་བརྟན་པའི་འཐབ་འཛིང་མཁར་རྫོང་ཞིག་ཏུ་སྐྲུན་དགོས་པའི་ལྕག་སྐུལ་གནང་བ་རེད།

    དེ་རྗེས་ཀྲོང་ཡན་གྱིས་ཁྲེང་ཀོན་ཆུས་ཀྱི་འབྲེལ་ཡོད་ལས་དོན་སྙན་སེང་གསན་ཞིང་། ཁོང་གིས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་དམ་པོར་འཛིན་ཏེ། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་ལས་ཀའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པར་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་བ་དང་འབྲེལ་མཐུད་ནུས་ལྡན་བྱེད་པར་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་དམངས་འཚོའི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་ཏན་བྱས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དམངས་ཆེད་སྲིད་སྐྱོང་དང་འགན་འཁུར་དངོས་སྒྲུབ་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།