དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-31

    85319bfe-3aa4-4aba-bf7b-a02f6966c873.jpg.jpg

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་དཔྱད་ཞིབ་བགོ་འགྲེམས་ཁྲུའུ་རུ་གཞུང་ཁོངས་ཁེ་ལས་ཀྱི་ཡོང་འབབ་བགོ་འགྲེམས་ལམ་ལུགས་སྒྱུར་བཅོས་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།

    གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཁེ་ལས་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་དང་གསོན་ཤུགས་འཕེལ་བར་བྱེད་དགོས་པ་དང་གཞུང་ཁོངས་ཁེ་ལས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་བཏང་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་ལ་བརྟག་ཞིབ་གནང་སྐབས། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་འཕེལ་རྒྱས་དང་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས། ཡང་དག་པའི་སྒྱུར་བཅོས་ཀྱི་ཁ་ཕྱོགས་མཐའ་འཁྱོངས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བཅས་བྱས་ནས། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་པ་མ་ཟད། ཁེ་ལས་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་དང་གསོན་ཤུགས་འཕེལ་བར་བྱེད་དགོས་པ་དང་། གཞུང་ཁོངས་ཁེ་ལས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་བཏང་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    དཔྱད་ཞིབ་བགོ་འགྲེམས་ཁྲུའུ་དང་། ལས་ཞུགས་ཁྲུའུ། ཁེ་ལས་སྒྱུར་བཅོས་ཁྲུའུ་བཅས་སུ་ཝང་ཅུན་ཀྲེང་གིས་གཞུང་ཁོངས་ཁེ་ལས་ཀྱི་ཡོང་འབབ་བགོ་འགྲེམས་ལམ་ལུགས་སྒྱུར་བཅོས་དང་། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་བསྡུ་ལེན། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་སོགས་ཀྱི་ལས་ཀའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་དཔྱད་ཞིབ་ཀྱི“བཀོད་འདོམས་དབྱུག་པའི”ནུས་པ་འདོན་སྤེལ་བྱས་ནས་གཞུང་ཁོངས་ཁེ་ལས་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་རམ་འདེགས་བྱེད་དགོས། ཐབས་མང་མཉམ་སྤྱོད་ཀྱིས་ལས་ཞུགས་ལས་གནས་བཏོད་དེ། མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་ཀྱི་འདུ་ཤེས་འགྱུར་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། མ་རྩའི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱེད་རྒྱུར་མཐོང་ཆེན་བྱེད་པ་དང་། དཔལ་འབྱོར་གྱི་ལས་རྣམ་གསར་པ་སྐྱེད་སྲིང་བྱས་ནས། གཞུང་ཁོངས་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“སྒུལ་ཤུགས་གསར་པ”གཏོད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག ཝང་ཅུན་ཀྲེང་གིས་རང་ལྗོངས་ཀྱི་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གནས་ཚུལ་སྙན་སེང་གསན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཁོངས་གཏོགས་ཀྱི་བློ་མཐུན་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ནས་བྱམས་བརྩེའི་འཚམས་འདྲི་གནང་བ་དང་འབྲེལ། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཁོངས་གཏོགས་ཀྱིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་དགེ་མཚན་ལྡན་པའི་ནུས་པ་བཏོན་པར་ཁས་ལེན་གང་ལེགས་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། གཞུང་ཁོངས་ཁེ་ལས་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་བཏང་ནས། བོད་ལྗོངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་གཞུང་ཁོངས་ཁེ་ལས་ཀྱི་འདེགས་སྐྱོར་ནུས་པ་གང་ལེགས་འདོན་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོང་བཅས་བྱེད་པ། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་མཐུན་སྦྱོར་གཅིག་གྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། བོད་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་སྣེ་ཁྲིད་མཁན་དང་སྐུལ་འདེད་མཁན་བྱེད་དགོས། “རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་འཆང་བ་དང་། བོད་ཀྱི་ཁྱད་ཆོས་མངོན་པར་བྱེད་པ། མ་འོངས་སྔོན་མཐོང་རང་བཞིན་གྱི་བསམ་གཞིག་དང་། ཁྱོན་ཡོངས་རང་བཞིན་གྱི་ཇུས་འགོད། འཐབ་ཇུས་རང་བཞིན་གྱི་བཀོད་ཇུས། སྤྱི་ཡོངས་རང་བཞིན་གྱི་སྐུལ་སྤེལ་བཅས་ལ་ཤུགས་སྣོན་རྒྱག་པ། ལེགས་ཆ་གསབ་རེས་དང་དགེ་སྤེལ་སྐྱོན་སྤང་བྱེད་པ། ས་མཐོའི་སྤུས་རྟགས་དང་། ལྗང་མདོག་སྤུས་རྟགས། དམིགས་བསལ་སྤུས་རྟགས་གཏོད་པ། ཕྱི་ཤུགས་ཡག་པོ་སྤྱོད་པ་དང་། ནང་ཤུགས་ཆེ་རུ་གཏོང་བ། མཉམ་ཤུགས་གཅིག་སྒྲིལ་བཅས་བྱས་ནས། བོད་ཀྱི་དགེ་མཚན་ཆེ་རིགས་འཕེལ་རྒྱས་ཀྱི་ལེགས་ཆ་དང་དཔལ་འབྱོར་གྱི་ལེགས་ཆར་ཏན་ཏིག་འགྱུར་བར་བྱེད་དགོས། བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་། ཐོན་ལས་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་རྒྱུད་ཁྱོན་གསུམ་གྱི་འབྲེལ་བར་སྟངས་འཛིན་ཡང་དག་བྱེད་པ། མ་འཇོག་ནུས་ལྡན་དང་། ཐོན་ལས་ཚོང་འགུགས། རྐང་འཛིན་ཁེ་ལས་བཅས་ལ་དམ་འཛིན་བྱས་ནས། མ་དངུལ་དང་། ཤེས་ལྡན་མི་སྣ། ལག་རྩལ་སོགས་ཀྱི་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་གཙོ་གནད་ཁྱབ་ཁོངས་དང་། ལེགས་ཆའི་ཁེ་ལས། ཁྱད་ལྡན་ཐོན་ལས། གཙོ་གཉེར་ལས་སྒོ་བཅས་སུ་གཅིག་སྡུད་ཐུབ་པར་སྐུལ་འདེད་གཏོང་དགོས། སྤུས་ཚད་དང་ཕན་འབྲས་ལ་མཐོང་ཆེན་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་། བོད་ཀྱི་སྤྱི་ཡོངས་ཀྱི་ལས་དོན་ལ་ཞབས་འདེགས་ཞུ་བའི་ངེས་གནས་ལ་སྟངས་འཛིན་ཡང་དག་བྱེད་པ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་བྱེད་པ། རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད་བྱེད་པ། ལམ་སྲོལ་གསར་པ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་དམིགས་ཚད་ལ་ཞབས་འདེགས་དེ་བས་ལེགས་པར་ཞུ་དགོས། བསམ་བློའི་འདུ་ཤེས་གསར་བརྗེས་དང་འཕེལ་རྒྱས་ཀྱི་ཁོར་ཡུག་གཏོད་པ་དང་། ཀྲུང་དབྱང་གི་སྲིད་ཇུས་ཡག་པོ་སྤྱོད་པ། དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྣ་ཚོགས་དྲང་གཞག་འགྲན་རྩོད་དང་། ལེགས་ཆ་གསབ་རེས། ཐུན་མོང་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་དང་གསར་གཏོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་ཟམ་མི་ཆད་པར་གཏོང་བ་དང་། གཞུང་ཁོངས་ཁེ་ལས་ཀྱི་དོ་དམ་པས་དེང་རབས་ཀྱི་ཐོན་ལས་དང་། དཔལ་འབྱོར། ཚན་རྩལ་བཅས་ཀྱི་ཤེས་བྱ་སྣེ་ཁྲིད་དེ་སློབ་སྦྱོང་བྱས་ནས་གཉེར་སྐྱོང་དོ་དམ་གྱི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་སྟེ་ཁེ་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས། བདག་དབང་ཁ་གསལ་བཟོ་བ་དང་། དེང་རབས་ཀྱི་ཁེ་ལས་ལམ་ལུགས་འཛུགས་པ། དབང་བའི་ལམ་ལུགས་འདྲེས་མ་སྒྱུར་བཅོས་ལ་རིགས་དབྱེ་རིམ་དབྱེའི་ངང་སྐུལ་འདེད་གཏོང་བ། གཞུང་ཁོངས་ཁེ་ལས་ཀྱི་བདག་ཁོངས་འབྲེལ་བ་གསལ་པོ་འབྱེད་པ་བཅས་བྱེད་དགོས། གཉེར་སྐྱོང་དབང་ཆ་ལྷུག་ཏུ་གཏོང་བ་དང་། ཁེ་ལས་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་ནས། སྙོམ་སྒྲིག་ནུས་ལྡན་གྱི་ཀུང་སིའི་ཁྲིམས་མིའི་བཅོས་སྐྱོང་གྲུབ་ཆ་དང་། བབ་བསྟུན་ཕན་ཆེའི་ཚོང་ར་ཅན་གྱི་གཉེར་སྐྱོང་ལམ་སྲོལ་ཆགས་པར་བྱེད་དགོས། དོ་དམ་བྱེད་དབང་ཆེ་རུ་གཏོང་བ་དང་། ཁེ་ལས་ཀྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ། གཞུང་ཁོངས་དཔལ་འབྱོར་གྱི་བཀོད་པ་ལེགས་སུ་གཏོང་བ་དང་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས། བོད་ཀྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་རྐང་འཛིན་ཁེ་ལས་ཁག་གཅིག་གསོ་སྐྱོང་བྱེད་དགོས། ལྟ་སྐུལ་དབང་ཆ་དོན་འཁྱོལ་བྱེད་པ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་དང་ཚན་རིག་དང་མཐུན་པར་ལྟ་འདོམས་བྱེད་པ། ཏང་ནང་ཁུལ་གྱི་ལྟ་སྐུལ་གྱིས་གཙོ་ཁྲིད་བྱེད་པ་དང་། ལྟ་སྐུལ་སྣ་ཚོགས་འབྲེལ་མཐུད་དམ་ཟབ་ཐུབ་པ། ཕན་ཚུན་མཐུན་སྦྱོར་བྱེད་པ་བཅས་ཀྱི་ལྟ་སྐུལ་རྣམ་པ་གང་མགྱོགས་ཆགས་པར་བྱེད་དགོས། ཐག་གཅོད་བྱེད་དབང་ཚད་ལྡན་དུ་གཏོང་བ་དང་། གཞུང་ཁོངས་རྒྱུ་ནོར་ལ་གནས་ཐང་སྲུང་འཕར་ཡོང་བར་བྱེད་པ། “གལ་ཆེན་གསུམ་དང་འབོར་ཆེན་གཅིག”གི་ཐབས་ཇུས་ལམ་སྲོལ་དོན་འཁྱོལ་བྱེད་པ། ཉོ་ཚོང་གི་གོ་རིམ་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས། ཉེན་ཁ་ཆེ་རིགས་འགོག་ཟོན་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་ཀྱིས་གཞུང་ཁོངས་ཁེ་ལས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་འཐུས་སྒོ་ཚང་དུ་བཏང་ནས་གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་བྱ་རྒྱུ་དེ་ལས་དོན་ཧྲིལ་པོ་བཀོད་སྒྲིག་དང་ཏང་འཛུགས་སྐྱོང་གི་སྤྱིའི་འཆར་འགོད་ནང་འཇུག་དགོས། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བེད་སྤྱོད་དང་། གྲུབ་འབྲས་དངོས་ལ་བརྟེན་ནས་དཔའ་བོ་གླེང་བ་མཐའ་འཁྱོངས་བྱས་ཏེ། ཏང་ལ་བློ་དཀར་སེམས་དཀར་དང་། གསར་གཏོད་བྱེད་ཕོད་པ། ཁེ་ལས་སྐྱོང་ཐབས་མཁས་པ་དང་། ཁེ་ལས་འཕེལ་ནུས་ལྡན་པ། གཞུང་དྲང་སྤྱོད་གཙང་བཅས་ཀྱི་བྱང་ཚད་མཐོ་བའི་གཞུང་ཁོངས་ཁེ་ལས་ཀྱི་འགོ་ཁྲིད་མི་སྣའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས། བློ་གཅིག་སེམས་གཅིག་གིས་བཟོ་པའི་གྲལ་རིམ་ལ་བརྟེན་པའི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། བཟོ་པའི་གྲལ་རིམ་གྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱས་ཏེ། ལས་བཟོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།