ནོར་སྲིད་ཀྱི་མ་དངུལ་གཤམ་སྤྲོད་བྱེད་པའི་བརྒྱུད་རིམ་ཞིབ་འཇུག་དང་ཚད་ལྡན་དུ་བཏང་སྟེ་གཏོང་སྒོའི་འཕེལ་རིམ་མགྱོགས་ལ་ལས་ཕྱོད་ཆེ་བ་དང་། སྨན་བཅོས་འཕྲོད་བསྟེན་ལས་དོན་ལ་ཞིབ་འཇུག་བྱས་ནས་མང་ཚོགས་ལ་སྤུས་ཚད་མཐོ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས།
ཚེས་26ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་ནོར་སྲིད་ཀྱི་མ་དངུལ་གཤམ་སྤྲོད་ཀྱི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་གི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད། གླིང་ཁུལ་གྱི་ལས་དོན། ལོ་རྒྱུས་སྙན་ངག《གླིང་སྒྲུང》རྒྱ་བསྒྱུར་གྱི་དུས་ཐེངས་གཉིས་པའི་འདུ་འགོད་འགོ་འཛུགས་པ་སོགས་ཀྱི་དོན་དག་ལ་ཞིབ་འཇུག་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། ནོར་སྲིད་ཀྱི་མ་དངུལ་གཤམ་སྤྲོད་དང་སྔོན་རྩིས་གསབ་སྣོན་ཚད་ལྡན་དུ་གཏོང་བ་ནི་རང་ལྗོངས་ཀྱི་ནོར་སྲིད་ལ་འབྱོར་སྐྱོང་ཐབས་མཆོག་ཡོད་པ་དང་། རྒྱུ་ནོར་སྤྱད་པར་ཕན་འབྲས་ཐོན་པ། རྒྱུ་ནོར་སྤེལ་ཐབས་མཁས་པ་བཅས་འགན་ལེན་བྱེད་པའི་དགོས་ངེས་ཀྱི་བྱ་ཐབས་ཤིག་རེད། སྔོན་རྩིས་བཟོ་འགོད་ཞིབ་ཚགས་ཀྱིས“གཏོང་མཁས་སྤྱོད་མཁས”ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་རྩིས་ཡག་པོ་རྒྱག་པ་དང་འཆར་གཞི་ཡག་པོ་བཀོད་དེ་མ་དངུལ་སྔར་ལས་མང་བ་དམངས་འཚོར་གཏོང་དགོས། མ་དངུལ་གཏོང་སྤྲོད་མགྱོགས་སུ་བཏང་སྟེ་ཡོང་ཁུངས་གསལ་བ་དང་། ཁ་ཕྱོགས་གསལ་བ། སྤྱོད་ཡུལ་གསལ་བ་བཅས་ཀྱི་མ་དངུལ་དང་ལྷག་དོན་དུ་དམངས་འཚོ་འགན་ལེན་དང་། ཁྲོམ་རའི་བྱེད་པོ་འགན་ལེན། ལས་ཞུགས་འགན་ལེན་བཅས་ཀྱི་མ་དངུལ་གཏོང་སྤྲོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ་དང་རྨང་གཞིའི་དགོས་མཁོ་འགན་ལེན་བྱེད་དགོས། ལྟ་འདོམས་ནན་པོ་བྱས་ནས་གཏོང་སྒོའི་འཕེལ་རིམ་གཙོ་གནད་དུ་བྱེད་པའི་སྔོན་རྩིས་འབྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་འགྲོ་སོང་བཏང་ཕྱིན་ཕན་འབྲས་ཐོན་མིན་འདྲི་བ་དང་ཕན་འབྲས་མ་ཐོན་ཚེ་ངེས་པར་དུ་འགན་འཁྲི་བདའ་འདེད་ཏན་ཏིག་གཏོང་དགོས། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཞིབ་མཆན་འགོད་པའི་ལས་ཕྱོད་སྔར་བས་ཆེ་རུ་གཏོང་བ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་སྟེ“དངུལ་གྱིས་རྣམ་གྲངས་སྒུག་པའི”སྣང་ཚུལ་གཏན་འགོག་བྱེད་དགོས།
ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྱོང་ཐད“མཐུན་སྦྱོར་དང་གཞོགས་འདེགས”རྒྱུན་འཁྱོངས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་དང་། ལྟེ་གནས་དང་མཐའ་མཚམས་ས་ཁུལ་གྱི་སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་དོ་སྙོམས་རང་བཞིན་ལ་སྣང་ཆེན་དང་། ཀྲུང་ལུགས་གསོ་རིག་དང་། བོད་ལུགས་གསོ་རིག ཕྱི་ལུགས་གསོ་རིག་བཅས་ཀྱི་གསབ་རེས་རང་བཞིན་ལ་སྣང་ཆེན། རྒྱང་ཁྲིད་སྨན་བཅོས་ཞབས་ཞུའི་ལས་སྟེགས་ཀྱི་ནུས་པ་གཙོ་གནད་ཐོག་འདོན་སྤེལ་བཅས་བྱས་ནས་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་ཆུ་ཚད་རིམ་བཞིན་མཐོ་རུ་གཏོང་དགོས། “རྒན་བྱིས་གཉིས”ལ་དོ་ཁུར་དང་རྒན་རྒོན་དང་། བུད་མེད། བྱིས་པ་བཅས་གཙོ་གནད་མི་ཚོགས་དང་ཞིང་འབྲོག་ཁུལ་གྱི་ཕ་མ་ཡ་རྐྱང་ཁྱིམ་ཚང་སོགས་དམིགས་བསལ་ཚོགས་སྤྱིར་དམིགས་ཏེ་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་འདེགས་ནུས་པ་ཆེ་རུ་བཏང་ནས་བུད་མེད་དང་བྱིས་པའི་བདེ་ཐང་ཞབས་ཞུ་དང་། དྲག་སྐྱེད་ནད་སྐྱོང་། སེམས་ཁམས་བདེ་ཐང་དང་བསམ་པའི་འཕྲོད་བསྟེན་ཞབས་ཞུ། ལས་རིགས་ཀྱི་ནད་གཞི་འགོག་བཅོས་སོགས་ཀྱི་ཞན་ཆ་ཧུར་ཐག་སེལ་དགོས། “གཞི་རིམ་གྱི་རྨང་གཞི”བརྟན་དུ་བཏང་སྟེ་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་བྱེད་ནུས་མཐོར་གཏོང་དང་འཛུགས་སྐྱོང་ལེགས་གཏོང་ལ་སྐུལ་འདེད་གཏོང་བ་དང་། ཐོན་ཁུངས་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ། ལག་རྩལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཡུལ་བབ་དང་བསྟུན་ནས་རིམ་དབྱེའི་སྨན་བཅོས་ལག་ལེན་བསྟར་བ། རྫོང་དང་ཤང་གི་འཕྲོད་བསྟེན་སྒྲིག་གཞིའི་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། རྒྱ་ཆེའི་མང་ཚོགས་ཚོས་ཐག་ཉེ་སར་དྲང་གཞག་གོ་ཆོད་དང་བརྒྱུད་རིམ་ལྡན་ལ་རྒྱུན་མཐུད་སྤུས་ཚད་མཐོ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱེད་དགོས་ཞེས་བསྟན་པ་རེད།
ཚོགས་འདུའི་ཐོག གླིང་ཁུལ་གྱི་ལས་དོན་ཐད་མིག་སྔ་དང་ཕུགས་ལ་སྤྱི་འདོམས་བྱས་ཏེ་བཙུགས་མ་ཐག་པའི་སྐབས་སུ“མང་སྤྲོད་ཉུང་ལེན”བྱས་ནས་རྒྱུན་ཆད་མེད་པར་རྨང་གཞི་སྟོབས་ཆེར་གཏོང་བ་དང་ཁྲལ་གཞི་སྐྱེད་སྲིང་བྱེད་དགོས། འཕེལ་རྒྱས་བརྟན་པོ་བྱུང་རྗེས་གཏོང་ཡོང་ལམ་ལུགས་ལ་འགྱུར་བ་མེད་པ་དང་རྒྱུན་མཐུད་ཐུབ་པར་བྱས་ནས་རྒྱུན་ཆད་མེད་པར་གྲངས་འབོར་མང་དུ་དང་སྤུས་ཚད་ལེགས་སུ་གཏོང་དགོས། སྲིད་ཇུས་དང་མ་དངུལ་བེད་སྤྱོད་ཡག་པོ་བྱས་ནས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་སྟོབས་ཤུགས་གཅིག་སྡུད་ཀྱིས་རྣམ་གྲངས་དམིགས་བསལ་ཅན་དང་ཆེ་གྲས་ལ་དམ་འཛིན་བྱས་ཏེ་རྣམ་གྲངས་ལ་བརྟེན་ནས་ཐོན་ལས་ལ་སྐུལ་ཁྲིད་དང་ཐོན་ལས་ལ་བརྟེན་ནས་གླིང་ཁུལ་སྟོབས་ཆེར་གཏོང་དགོས་ཞེས་བསྟན་པ་རེད།
ཚོགས་འདུའི་ཐོག ལོ་རྒྱུས་སྙན་ངག《གླིང་སྒྲུང》རྒྱ་བསྒྱུར་གྱི་དུས་ཐེངས་གཉིས་པའི་འདུ་འགོད་ལག་བསྟར་བྱེད་འགོ་བཙུགས་པ་དེ་ནི་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། སྟོན་ཕྱོགས་གསལ་པོ་བཟོས་ནས་ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་བརྟན་སྲུང་དང་། གསར་བཟོའི་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་དུས་རབས་གསར་པའི་ཀྲུང་ཧྭའི་རིག་གནས་དར་རྒྱས་གོང་འཕེལ་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བསྟན་པ་རེད།