དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་འབྲས་སྤུངས་དགོན་དུ“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-28

    ཚེས་25ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་འབྲས་སྤུངས་དགོན་དུ“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུགས་པ་དང་འབྲེལ་དགོན་སྡེའི་དགེ་འདུན་པ་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་སོགས་ལ་སྒྲོག་འགྲེལ་ཡང་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་སུ“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་བ་དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པས“སྤྱི་ཡོངས་གཉིས”བློ་ལ་འཆང་བ་དང་། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་འཆང་བ། བོད་ཀྱི་ལས་དོན་གྱི“དུས་ལྔ་མཉམ་འཁེལ”གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པར་གཞི་ཚུགས་ནས་བོད་བརྒྱུད་ནང་བསྟན་གྱི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་དང་འགལ་བ་གཙོ་བོ་དང་། དུས་གནས་རྟོགས་དཔྱོད་ངང་བཏོན་པའི་ཆོས་ལུགས་ཁྱབ་ཁོངས་སྐོར་གྱི་རྨང་གཞིའི་རང་བཞིན་དང་། ཡུན་རིང་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་ངོས་འཛིན་དང་སྟངས་འཛིན་ཡང་དག་བྱས་པ་ཞིག་ཡིན་པས། ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་དང་། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གལ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད་ཅེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་མཚམས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་འབྲས་སྤུངས་དགོན་དུ་གཟིགས་ཞིབ་གནང་བར་ཕེབས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་ཡོད། རྒྱ་ཆེའི་དགེ་འདུན་པ་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་བཅངས་པ་དང་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་། ཆོས་ལུགས་ཞི་དུལ་དང་སྤྱི་ཚོགས་ཞི་མཐུན་ལ་སྲུང་སྐྱོང་། བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་ལ་སྲུང་སྐྱོང་བཅས་ཀྱི་མཐོ་ཚད་ནས“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་བའི་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་རྒྱང་རིང་གཏིང་ཟབ་ཀྱི་ལོ་རྒྱུས་ཀྱི་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཧུར་ཐག་ཞུགས་པ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་ཆོས་ལུགས་ཁྱབ་ཁོངས་རྒྱུན་མཐུད་དང་ཕྱོགས་ཡོངས་ནས་ཞི་མཐུན་བརྟན་ལྷིང་ཡོང་བར་བྱས་ཏེ་ལྗོངས་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས“འདུ་ཤེས་གསུམ”གྱི་སློབ་གསོར་ཕན་འབྲས་ཐོན་མིན་གྱི་རྨང་གཞི་རྒྱ་ཆེའི་དགེ་འདུན་པ་དང་འགག་རྩ་དགོན་སྡེ་དོ་དམ་ཨུ་ལྷན་ལ་ཐུག་ཡོད། དགོན་སྡེའི་དགེ་འདུན་པ་ཚོས“འདུ་ཤེས་གསུམ”གྱི་དགོངས་དོན་གྱི་ནང་དོན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་བཏང་ནས་རྒྱལ་ཁབ་ཆོས་ལུགས་ལས་ལྷག་པ་དང་། སྤྱི་དམངས་དད་ལྡན་པ་ལས་ཆེ་བ། རྒྱལ་ཁྲིམས་ཆོས་ཁྲིམས་ལས་ཆེ་བ་བཅས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་རྒྱལ་གཅེས་བརྩེ་སེམས་དང་། རྒྱལ་སྟོབས་སྤེལ་འདུན། རྒྱལ་དྲིན་གསོལ་སྤྱོད་བཅས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་རིང་མཉམ་འདྲེས་ཏན་ཏིག་ཐུབ་པར་བྱེད་དགོས། དོ་དམ་ཨུ་ལྷན་གྱིས་བྱེད་པོའི་འགན་འཁྲི་ནན་ཏན་འཁུར་བ་དང་། དགོན་སྡེའི་གནས་ཚུལ་དང་བསྟུན་པ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱེད་པ། ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་སྣེ་ཁྲིད་ནུས་པ་འདོན་པ། སློབ་གསོའི་བྱེད་སྒོ་གཞན་དག་དང་འབྲེལ་མཐུད་དམ་ཟབ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས། འགོ་ཁྲིད་གནད་ལ་འཁེལ་བ་དང་། སྒྲིག་འཛུགས་གནད་ལ་འཁེལ་བ། འགན་འཁྲི་གནད་ལ་འཁེལ་བ་བཅས་བྱེད་པ་དང་སློབ་གསོའི་ཕན་འབྲས་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།