དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཞི་བཅུ་པ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-27

    ཚེས་25ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཞི་བཅུ་པ་ལྷ་སར་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ད་རེས་ཀྱི་ཚོགས་འདུའི་གྲོས་རིམ་ལ་གྲོས་འཆམ་བྱུང་རྗེས། ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་མི་དོན་བསྐོ་འཐེན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་གསལ་བཤད་ཉན་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ལྷན་གྱིས《བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྲོལ་ཡིག(འཆར་ཟིན)》དང་། 《བོད་རང་སྐྱོང་ལྗོངས་སྤྱི་བདེ་ལས་ཁུངས་ཀྱི་ཉེན་དོན་གཞོགས་འདེགས་མི་སྣའི་དོ་དམ་སྲོལ་ཡིག(འཆར་ཟིན)》 《བོད་རང་སྐྱོང་ལྗོངས་ཀྱི་དུས་བདེ་འཛུགས་གཏོད་སྲོལ་ཡིག(འཆར་ཟིན)》བཅས་ལ་གྲོས་ཞིབ་བྱས་འབྲས་སྐོར་སྙན་ཞུ་བྱས་པ་དང་། འཆར་ཟིན་གྱི་ཞུ་དག་ཐེངས་གསུམ་བཏང་བའི་མ་ཟིན་གཞི་རྩའི་ཆ་ནས་ཚགས་ཚུད་པོ་བྱུང་བའི་ངོས་འཛིན་བྱས་ཏེ། ད་ཐེངས་ཀྱི་ཚོགས་འདུར་གྲོས་ཞིབ་བྱེད་པ་དང་འབྲེལ་གྲོས་འཆམ་ཡང་བྱེད་པར་འབུལ་རྒྱུའི་གྲོས་འགོ་བཏོན་པ། དེ་བཞིན《བོད་རང་སྐྱོང་ལྗོངས་ཀྱི་མེ་ཟོན་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》དང《བོད་རང་སྐྱོང་ལྗོངས་ཀྱི་སྨན་རྫས་དོ་དམ་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་འབྲས་སྐོར་སྙན་ཞུ་བྱས་པ་དང་། འཆར་ཟིན་གྱི་ཞུ་དག་ཐེངས་གཉིས་བཏང་བའི་མ་ཟིན་གཞི་རྩའི་ཆ་ནས་ཚགས་ཚུད་པོ་བྱུང་བའི་ངོས་འཛིན་བྱས་ནས། ད་ཐེངས་ཀྱི་ཚོགས་འདུར་གྲོས་ཞིབ་བྱེད་པ་དང་འབྲེལ་གྲོས་འཆམ་ཡང་བྱེད་པར་འབུལ་རྒྱུའི་གྲོས་འགོ་བཏོན་པ་རེད།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར་བྱས་པའི《བོད་རང་སྐྱོང་ལྗོངས་ཀྱི་གྱོད་འབྲེལ་རྒྱུ་དངོས་ཀྱི་རིན་གོང་གཏན་འཁེལ་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》སྐོར་གྱི་འཆར་ཟིན་གསལ་བཤད་ཉན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱིས་གྲོས་ཞིབ་བསམ་འཆར་སྐོར་སྙན་ཞུ་བྱས་པ་དང་། རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར་བྱས་པའི《བོད་རང་སྐྱོང་ལྗོངས་ཀྱི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་སྲོལ་ཡིག(འཆར་ཟིན)》སྐོར་གྱི་འཆར་ཟིན་གསལ་བཤད་ཉན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཞིང་འབྲོག་ཁོར་ཡུག་ཐོན་ཁུངས་ལས་དོན་ཨུ་ལྷན་གྱིས་ཞིབ་བཤེར་བསམ་འཆར་སྐོར་སྙན་ཞུ་བྱས་པ། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས《ལྷ་ས་གྲོང་ཁྱེར་གྱི་ལྷོ་བྱང་རི་བོ་སྔོ་འགྱུར་དོ་དམ་སྲོལ་ཡིག》སྐོར་གྱི་གསལ་བཤད་བྱས་པ་ཉན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ལྷན་གྱིས་ཞིབ་བཤེར་སྙན་ཞུ་བྱས་པ་རེད།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འཐུས་མིའི་མི་དོན་འདེམས་བསྐོའི་ལས་དོན་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་ཀྱི་ཆུས་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་གྲུབ་ཆའི་མི་སྣའི་མི་གྲངས་བསྐྱར་དུ་གཏན་འཁེལ་བྱ་རྒྱུའི་སྐོར་གྱི་གཏན་འབེབས(འཆར་ཟིན)དང་ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་འཐུས་མིའི་མི་གྲངས་སྐོར་གྱི་གཏན་འབེབས(འཆར་ཟིན)སྐོར་གྱི་གསལ་བཤད་ཉན་པ་རེད།

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་དམངས་དོན་འདྲི་གཅོད་ལས་དོན་སྤེལ་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་སྙན་ཞུ་ཉན་པ་དང་། ནག་ཉེས་ངོས་ལེན་དང་ཆད་གཅོད་དང་ལེན་བྱས་པར་གུ་ཡངས་གཏོང་རྒྱུའི་ལམ་ལུགས་སྤྱད་ན་འཐུས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་སྙན་ཞུ་ཉན་པ་རེད།

    ཚོགས་འདུའི་ཐོག་ད་དུང་འཐུས་མི་རེ་གཉིས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་ཉན་པ་རེད།

    ཚོགས་འདུའི་གྲོས་རིམ་གྱི་བཀོད་སྒྲིག་ལྟར་ཚེས་25ཉིན་གྱི་ཕྱི་དྲོར་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་ཞིབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།