དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་མི་སྤྱི་ཐིང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-26

    2325250_huangzy_1653494400000_s.jpg

    ཟླ་5ཚེས་24ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་མི་སྤྱི་ཐིང་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ལས་ཞུགས་ཞབས་ཞུའི་ལྟེ་གནས་བརྒྱད་གཅིག་ལམ་རིག་ལྡན་ཅན་གྱི་ཤེས་ལྡན་མི་སྣ་གདན་ཞུའི་ཚོམས་ཆེན་དུ་ལས་མི་བསྡུ་མཁན་ཁེ་ལས་ཀྱི་ལས་དོན་མི་སྣ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ། 

    2325252_huangzy_1653494400000_s.jpg

    ཟླ་5ཚེས་24ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་མི་སྤྱི་ཐིང་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་མི་སྤྱི་ཁོངས་གཏོགས་ཀྱི་ལས་བྱེད་དང་ལས་བཟོར་བྱམས་བརྩེའི་ངང་འཚམས་འདྲི་གནང་བཞིན་པ། 

    ◆ མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་ལས་ཞུགས་སོགས་དམངས་འཚོའི་ལས་དོན་ལ་མཐོང་ཆེན་བྱས་ནས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་གྱི་སྤྱི་ཡོངས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

    ཚེས་24ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་མི་སྤྱི་ཐིང་དུ་བརྟག་ཞིབ་གནང་སྐབས། ཞི་ཅིང་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། ལས་ཞུགས་སོགས་དམངས་འཚོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་གྱི་སྤྱི་ཡོངས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོར་གཏོང་བཅས་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲོང་ཡན་དང་ཟླ་བ་ཚེ་རིང་ཞུགས་པ་རེད།

    “སློབ་གྲྭ་གང་ནས་ཐོན་པ་ཡིན་ནམ། ལས་གནས་གང་དུ་འགྲོ་རྩིས་ཡོད་དམ། ལས་ཞུགས་ལྟེ་གནས་ཀྱི་ཞབས་ཞུའི་རྣམ་འགྱུར་ཡག་པོ་འདུག་གམ”ཞེས་རང་སྐྱོང་ལྗོངས་ཀྱི་ལས་ཞུགས་ཞབས་ཞུའི་ལྟེ་གནས་བརྒྱད་གཅིག་ལམ་རིག་ལྡན་ཅན་གྱི་ཤེས་ལྡན་མི་སྣ་གདན་ཞུའི་ ཚོམས་ཆེན་དུ་ཝང་ཅུན་ཀྲེང་གིས་ལས་མི་བསྡུ་མཁན་ཁེ་ལས་ཀྱི་ལས་དོན་མི་སྣ་དང་ལས་ཀ་འཚོལ་བར་ཡོང་མཁན་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ནས་རང་ལྗོངས་ཀྱི་ལས་ཞུགས་ཀྱི་སྤྲོད་མཁོའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ལས་ཞུགས་ནི་དམངས་འཚོའི་རྩ་བ་དང་བརྟན་ལྷིང་གི་རྨང་གཞི་ཡིན་པས། ཁྲིད་སྟོན་ལ་ཤུགས་སྣོན་དང་གནད་སྨིན་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ་ལས་ཀ་འཚོལ་མཁན་གྱི་འདུ་ཤེས་འགྱུར་ལྡོག་དང་རྩལ་ནུས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། མི་དང་ལས་གནས་འཚམ་མཐུན་དང་སྤྲོད་མཁོ་འབྲེལ་མཐུད་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད། སྤྱི་ཚོགས་འགན་བཅོལ་གཉེར་སྒྲུབ་ཞབས་ཞུའི་ཚོམས་ཆེན་དང་ངལ་རྩོལ་འགན་སྲུང་ལྟ་ཞིབ་སྣེ་ལེན་ཞབས་ཞུའི་ཚོམས་ཆེན་དུ་ཝང་ཅུན་ཀྲེང་གིས་དམངས་ཡོངས་འགན་བཅོལ་ནང་ཞུགས་པ་དང་། སྒྲུབ་གཉེར་བྱེད་པ། ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་འགན་ལེན། ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་དང་ལས་ཞུགས་གཞན་སྒྱུར་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་ནན་ཏན་གནང་ཞིང་། ཁོང་གིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྩ་བ་ནས་ཐག་གཅོད་བྱེད་པ་ནི་རྒྱ་ཆེའི་ཞིང་པ་ལས་མིའི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་ལ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་འབྲེལ་བ་ཡོད་པས། ཞིང་པ་ལས་མིའི་གླ་ཆ་གཙང་སྤྲོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཞིང་པ་ལས་མིར་གླ་ཆ་ཆ་ཚང་དུས་ཐོག་ཏུ་རག་པའི་འགན་ལེན་བྱས་ཏེ། རྒྱ་ཆེའི་ཞིང་པ་ལས་མིས་སྤྱི་ཚོགས་དྲང་གཞག་དྲང་བདེན་དང་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དངོས་ཚོར་ཐུབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    དེ་རྗེས་འཚོགས་པའི་བཞུགས་མོལ་ཚོགས་འདུའི་ཐོག ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་མི་སྤྱི་ལས་དོན་གྱི་སྙན་སེང་གསན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་མི་སྤྱི་ཁོངས་གཏོགས་ཀྱི་བློ་མཐུན་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་བྱམས་བརྩེའི་འཚམས་འདྲི་གནང་བ་རེད། ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པ་སོགས་ཀྱི་ལས་དོན་འབོར་ཆེན་བསྒྲུབས་ནས། ལྗོངས་ཡོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་གཙོ་སྐྱོང་གནང་ནས། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ། སྐུ་ངོ་མ་བོད་དུ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་ནས། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

    ལས་ཞུགས་དང་ལས་གཏོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས། ལས་ཞུགས་ནི་དམངས་འཚོའི་འདུ་འགོད་དང་། དམངས་སེམས་ཀྱི་འདུ་འགོད། གཞི་རྩའི་འདུ་འགོད་བཅས་ཆེ་ཤོས་རེད། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། ལས་ཞུགས་སྔོན་ལ་འཇོག་པ་མངོན་གསལ་དོད་པ། ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ནས། ལས་ཞུགས་བརྟན་པོ་དང་ལས་ཞུགས་འགན་ལེན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཕྲ་བྱེད་དགོས། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་ལྷག་པར་དུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ལ་དོ་ཁུར་བྱས་ནས། སློབ་ཆེན་སློབ་མ་དང་ཁྱིམ་བདག་གི་ལས་ཞུགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་གཏོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། སྲིད་གཞུང་གིས་སྐུལ་འདེད་དང་ཁྲོམ་རའི་གཙོ་ཁྲིད། ལྗོངས་ནང་ཁུལ་དུ་ལས་ཞུགས་དང་ལྗོངས་ཕྱིར་ལས་ཞུགས། རང་བརྟེན་ལས་ཞུགས་དང་རང་བརྟེན་ལས་གཏོད། ཐོན་ལས་སྐྱེད་སྲིང་དང་ཤེས་ལྡན་པ་གསོ་སྐྱོང་བཅས་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་སྤུས་ཚད་དེ་བས་མཐོ་བ་དང་ལས་ཞུགས་གང་ལེགས་ཐུབ་པར་བྱེད་དགོས། ཕུགས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཐོན་ལས་གསར་པ་དང་ལས་རྣམ་གསར་པ། དཔེ་དབྱིབས་གསར་པ་བཅས་འཕེལ་རྒྱས་དང་སྟོབས་ཆེར་མགྱོགས་མྱུར་བཏང་ནས་ཕུལ་བྱུང་ཤེས་ལྡན་མི་སྣས་གཞི་རིམ་ཁེ་ལས་སུ་བྱས་རྗེས་འཇོག་པ་དང་བྱ་གཞག་གཏོད་པར་སྐུལ་འདེད་གཏོང་བ་དང་། ཐོན་ལས་ཀྱི་འཐབ་ས་དང་པོར་ཕུལ་བྱུང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་མཐོང་ཆེན་བྱས་ཏེ་གནས་ཐུབ་པ་དང་འཐབ་ནུས་ལྡན་པའི་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱེད་དགོས།

    ལས་ཀའི་ལམ་སྲོལ་གསར་གཏོད་ཧུར་ཐག་བྱེད་དགོས། གནས་ཚུལ་གསར་པར་ཞིབ་འཇུག་དང་། གནད་དོན་གསར་པ་ཐག་གཅོད། བྱ་ཐབས་གསར་པ་འཚོལ་ཞིབ་བཅས་བྱས་ཏེ། སྣེ་མང་ཅན་གྱི་རྣམ་པར་བརྟེན་ནས་ལས་ཞུགས་གང་ལེགས་ཐུབ་པ་དང་། ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་ཡག་པོ་བྱེད་པ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་པུའུ་ཨུད་དང་། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དབར་གྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་མཐོ་བའི་ལས་ཞུགས་ལས་གནས་དང་ལས་ཞུགས་དམིགས་ཚད་དེ་བས་མང་བ་བརྩོན་ལེན་གྱིས་ལྗོངས་ཕྱིའི་ལས་ཞུགས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་མཐོ་ཚད་ནས“ནང་དུ་གདན་འདྲེན་པ་དང་ཕྱིར་སྐྱོད་པའི”ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ། ཕྱི་ཕྱོགས་སུ་སྒོ་མོ་དབྱེ་བ་དང་སྤེལ་རེས་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཕུལ་བྱུང་གི་ཤེས་ལྡན་པ་དེ་བས་མང་བ་བོད་དུ་གནས་ཐུབ་པ་དང་བོད་འཛུགས་སྐྲུན་བྱེད་པར་བཀུག་སྟེ་སྲོལ་རྒྱུན་གྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ནས་རང་ལྗོངས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆ་དང་དཔལ་འབྱོར་གྱི་ལེགས་ཆར་ཏན་ཏིག་སྒྱུར་དགོས། རོགས་སྐྱོར་སྲིད་ཇུས་ཀྱི་དམིགས་སའི་རང་བཞིན་དང་། གནད་སྨིན་རང་བཞིན། ཚན་རིག་རང་བཞིན་བཅས་ཆེ་རུ་བཏང་ནས་ཞིང་འབྲོག་དང་། ཡུལ་སྐོར། བོད་ཀྱི་གསོ་བ་རིག་པ་སོགས་བྱ་གཞག་གཏོད་པར་འཚམ་པའི་ཐོན་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། རང་བརྟེན་ལས་གཏོད་ཀྱི་དཔེ་བཟང་ཁག་གཅིག་བདམས་ནས་དཔེ་མཚོན་གྱི་ཁྲིད་སྟོན་བྱེད་ཐབས་ལ་བརྟེན་ནས་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།

    མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་དགོས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་མཐའ་འཁྱོངས་དང་། སྔར་ལས་དྲང་གཞག་དང་སྔར་ལས་རྒྱུན་མཐུད་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་དང་། དེ་བས་ཧུར་བརྩོན་དང་དེ་བས་སྒོ་དབྱེའི་ཤེས་ལྡན་མི་སྣའི་མ་ལག སྔར་བས་འཆམ་མཐུན་དང་སྔར་བས་བརྟན་ལྷིང་གི་ངལ་རྩོལ་འབྲེལ་བའི་མ་ལག་བཅས་འཐུས་སྒོ་ཚང་དུ་གང་ཐུབ་བཏང་སྟེ། མི་སྤྱིའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། “གསོ་སྐྱོང་དང་། ཁྲིད་སྟོན། བཀོལ་སྤྱོད། གནས་ཐུབ་པ”བཅས་ཀྱི་འདུ་འགོད་ཆེན་པོ་བཞིའི་ནུས་པ་ཏན་ཏིག་བཏོན་ནས། ངལ་རྩོལ་བའི་རྩལ་ནུས་ཆུ་ཚད་དང་ནུས་པ་དང་བྱང་ཚད་མཐོ་རུ་བཏང་ནས་རང་ལྗོངས་ཀྱི་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་པའི་དཔུང་ཁག་ཟམ་མི་ཆད་པར་སྟོབས་ཆེར་གཏོང་དགོས། ངལ་རྩོལ་བའི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་འགན་སྲུང་བྱེད་པ་དང་། གླ་ཆ་འགྱངས་ཆད་ཀྱི་བྱེད་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་པ། བབ་བསྟུན་ཐག་གཅོད་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་བཅོས་སྐྱོང་བྱེད་པའི་མ་ལག་འཛུགས་པར་ཤུགས་སྣོན་རྒྱག་དགོས། མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ལས་ཀར་ཤུགས་བརྒྱབ་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་ལྗོངས་ཡོངས་ཀྱི་མི་སྤྱིའི་བྱ་གཞག་འཕེལ་རྒྱས་གཏོང་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས། བསམ་བློར་བཅིངས་འགྲོལ་དང་སྔོན་ཐོན་ལེགས་བརྩོན་མཐའ་འཁྱོངས། མི་དམངས་ལ་ཞབས་འདེགས་ཞུ་བ་དང་རང་འགན་གཙང་སྒྲུབ་མཐའ་འཁྱོངས། དཔུང་ཁག་སྟོབས་ཆེན་འཛུགས་སྐྱོང་དང་ནུས་པ་མཐོར་གཏོང་མཐའ་འཁྱོངས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་མཐའ་འཁྱོངས་བཅས་བྱས་ཏེ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་ལས་ཀའི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས། “འཇོན་ཐང་ལ་བརྟེན་ནས་ལས་བྱེད་པ་བཀོལ་སྤྱོད་དང་། བྱས་རྗེས་དངོས་ལ་བརྟེན་ནས་དཔའ་བོར་བརྩི་བའི”མངོན་གསལ་དོད་པའི་སྟོན་ཕྱོགས་བཙུགས་ཏེ། ཆབ་སྲིད་ཀྱི་ཐད་བློས་འཁེལ་བ་དང་། ལས་ཀའི་ཐད་འཇོན་ཐང་ཡོད་པ། སྤྱོད་ཚུལ་ཉམས་སད་ཐེག་པ། མི་དམངས་མང་ཚོགས་ཀྱིས་བློས་འཁེལ་ཐུབ་པ་བཅས་ཀྱི་ལས་བྱེད་པ་བདམས་ནས་བཀོལ་སྤྱོད་བྱེད་པ་དང་། འགན་འཁྲི་གསར་པ་དང་བྱས་རྗེས་གསར་པར་བརྟེན་ནས་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།