དབུ་ཤོག>སྲིད་དོན།
  • ཤའོ་ཡིའུ་ཚའེ་ཡིས་རང་སྐྱོང་ལྗོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པའི་སྐོར་གྱི་ལག་བསྟར་བསམ་འཆར་གྱི་ཆེད་དོན་ཞིབ་འཇུག་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2022-05-25

    ཉེ་ཆར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཤའོ་ཡིའུ་ཚའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ནས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་གནང་བ་དང་། འབྲེལ་ཡོད་གནས་ཚུལ་གྱི་སྙན་སེང་གསན་པ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།

    ཤའོ་ཡིའུ་ཚའེ་ཡིས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ལག་བསྟར་བསམ་འཆར་ཞིབ་འཇུག་བྱས་ནས་བཟོས་པ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལས་དོན་ཐད་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བྱས་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན་པ་དང་། ལས་དོན་དེར་རང་ལྗོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་ལྟ་འདོམས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ལྗང་མདོག་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།

    ཤའོ་ཡིའུ་ཚའེ་ཡིས། “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི”འདུ་ཤེས་ཟབ་ཏུ་བཏང་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དང་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུར་དམིགས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་སྤྱིའི་དམིགས་ཚད་དང་གཞི་རྩའི་རྩ་དོན་ཁ་གསལ་བཟོ་དགོས། རང་ལྗོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་སྲིད་ཇུས་དང་། ཁྲིམས་སྲོལ། ལྟ་ཞིབ་ཚད་ལེན་བཅས་ཀྱི་མ་ལག་གང་མགྱོགས་འཐུས་སྒོ་ཚང་དུ་བཏང་ནས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་བར་མཐོངས་དྲ་རྒྱ་དང་ལྟ་ཞིབ་ཚད་ལེན་མ་ལག་རྒྱུན་མཐུད་ལེགས་སུ་བཏང་སྟེ། སྐྱེ་དངོས་བདེ་འཇགས་དོ་དམ་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ནས་སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་མཐུད་བེད་སྤྱོད་ཐུབ་པའི་ལམ་སྲོལ་གསར་གཏོད་བྱེད་དགོས། ཁྲིམས་བསྟར་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་བྱེད་ཟབ་ཏུ་བཏང་སྟེ། དམངས་ཡོངས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ནང་ཞུགས་པའི་རྣམ་པ་བཟང་པོ་ཆགས་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།