ཚེས་16ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་2022ལོའི་ཚོགས་འདུ་ཐེངས་བརྒྱད་པ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་ལྗོངས་ཀྱི《དུས་རབས་གསར་པའི་གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ལ་གྲོས་ཞིབ་བྱས་པ་མ་ཟད། ཉེ་དུས་ཀྱི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་བྱས་པ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་བཙུགས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་པ་དང་། ལྟེ་བའི་དོན་སྙིང་ཁོང་དུ་ཡང་དག་ཆུད་པ། “གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱེད་དགོས། སྲིད་གྲོས་ཀྱི་གཞོན་ནུ་ལས་བྱེད་པས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་གཤིས་རྒྱུད་གཏོད་པ། “དཔེ་བཟང་ལྔ”བརྩོན་ལེན་བཅས་བྱས་ཏེ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་ཤུགས་ཆེན་གཏོང་རིང་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་པར་བྱེད་དགོས། སྲིད་གྲོས་ཏང་ཙུའུ་ཡིས་གཞོན་ནུ་ལས་བྱེད་པའི་སློབ་གསོ་དང་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཞོན་ནུ་ལས་བྱེད་པ་འཚར་ལོངས་དང་ཤེས་ལྡན་མི་སྣར་འགྱུར་བར་ཆ་རྐྱེན་སྐྲུན་དགོས།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་ཀྱིས་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ཆོས་ལུགས་རིགས་ཁོངས་སུ“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་རྒྱུའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཏེ། “འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་དང་། གཙོ་གནད་ལས་འགན། ལས་ཀའི་བླང་བྱ་བཅས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས་རང་འགུལ་ངང་རྗེས་སུ་བསྙེགས་ནས་སློབ་སྦྱོང་ལ་དམ་འཛིན་དང་། ལེགས་ཆ་འདོན་སྤེལ་གྱིས་སྒྲོག་འགྲེལ་ལ་དམ་འཛིན། འགན་འཁྲི་ལག་བསྟར་གྱིས་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་དགོས། ཆོས་ལུགས་རིགས་ཁོངས་ཀྱི་སྲིད་གྲོས་ཨུ་ཡོན་ཚོས“འདུ་ཤེས་གསུམ”གྱི་སློབ་གསོར་རང་རྟོགས་ངང་ཞུགས་ཏེ་མྱོང་ཚོར་གླེང་བ་དང་། རྣམ་འགྱུར་གསལ་སྟོན། ལངས་ཕྱོགས་གསལ་སྟོན་བཅས་བྱས་ནས་དུས་རབས་གསར་པའི་གྲྭ་བཙུན་ཡག་པོ་ཞིག་བྱས་ཏེ་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ལ་སྣེ་ཁྲིད་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི“གནས་གཅིག་འགན་གཉིས”དོན་འཁྱོལ་གཏིང་ཟབ་དང་། ནན་པའི་རྩ་བའི་དགོངས་གཞི་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས། སྲིད་གྲོས་ཁོངས་གཏོགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་མཐའ་འཁྱོངས་གཏོང་བ་བཅས་བྱས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བཅས་ཀྱི་བྱང་ཚད་མཐོ་བའི་དཔུང་ཁག་ཅིག་གཏོད་དགོས།