ཚེས་20ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས་95པ་གཙོ་སྐྱོང་གནང་བ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཏིང་ཡེ་ཤན་དང་། ནོར་བུ་དོན་གྲུབ། རྡོ་ཐོགས། བསྟན་ཁོ། འོད་ཟེར། ཉི་མ་ཚེ་རིང་། མ་ཧྲེང་ཁྲང་། ཐང་མིང་དབྱིང་། དྲུང་ཆེ་ལིའུ་ཀོང་ཤུས་བཅས་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་95པའི་དགོངས་དོན་ལག་བསྟར་བྱས་ཚུལ་གྱི་སྙན་སེང་གསན་པ་རེད།
ཚོགས་འདུར《བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་སྐུལ་སྤེལ་སྲོལ་ཡིག(འཆར་ཟིན)》དང་། 《བོད་རང་སྐྱོང་ལྗོངས་ཀྱི་དུས་བདེ་འཛུགས་སྐྱོང་གི་སྲོལ་ཡིག(འཆར་ཟིན)》《བོད་རང་སྐྱོང་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཉེན་དོན་དང་ཉེན་རྟོག་ལས་རོགས་མི་སྣའི་དོ་དམ་སྲོལ་ཡིག(འཆར་ཟིན)》བཅས་ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་སེང་དང་། 《བོད་རང་སྐྱོང་ལྗོངས་ཀྱི་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་གཏན་འཁེལ་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》གི་གྲོས་ཞིབ་བསམ་འཆར་སྐོར་གྱི་སྙན་སེང་། 《བོད་རང་སྐྱོང་ལྗོངས་ཀྱི་སྲོག་ཆགས་ཀྱི་རིམས་འགོག་སྲོལ་ཡིག(འཆར་ཟིན)》གི་གྲོས་ཞིབ་བསམ་འཆར་སྐོར་གྱི་སྙན་སེང་། 《ལྷ་ས་གྲོང་ཁྱེར་གྱི་ལྷོ་བྱང་རི་བོ་སྔོ་འགྱུར་དོ་དམ་སྲོལ་ཡིག》གི་གྲོས་ཞིབ་སྐོར་གྱི་སྙན་སེང་བཅས་གསན་པ་དང་། 《རང་སྐྱོང་ལྗོངས་ཀྱིས་ཆུས་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣའི་སྐལ་གྲངས་ཡང་བསྐྱར་གཏན་འཁེལ་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས(འཆར་ཟིན)》དང《ནག་ཆུ་གྲོང་ཁྱེར་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་འཐུས་མིའི་སྐལ་གྲངས་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས(འཆར་ཟིན)》ཀྱི་གྲོས་གཞི་གྲོས་ཞིབ་བྱེད་པར་འབུལ་རྒྱུའི་སྐོར་ལ་ཞིབ་འཇུག་དང་། འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་སེང་དང་སྤྱི་བསྒྲགས(མ་ཟིན)སྐོར་ལ་ཞིབ་འཇུག མི་དོན་བསྐོ་འཐེན་སྐོར་གྱི་དོན་གནད་སོགས་ལ་ཞིབ་འཇུག་བཅས་བྱས་པ་རེད།
ཚོགས་འདུའི་ཐོག གོང་གསལ་གྱི་གྲོས་གཞི་དང་། དོན་གནད། དེ་བཞིན་སྙན་སེང་སོགས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་བཅུ་པར་གྲོས་ཞིབ་བྱེད་པར་འབུལ་རྒྱུའི་མོས་མཐུན་བྱས་པ་རེད།
ད་དུང་ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་དམངས་དོན་འདྲི་གཅོད་ལས་དོན་གྱི་གནས་ཚུལ་དང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་ཉེས་ངོས་ལེན་དང་ཆད་གཅོད་ངོས་ལེན་གུ་ཡངས་ལམ་ལུགས་སྤྱོད་པའི་ལས་དོན་དོན་འཁྱོལ་གྱི་གནས་ཚུལ་གྱི་བརྟག་ཞིབ་སྙན་སེང་གསན་པ་རེད།