དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-22

    2286896_huangzy_1653148800000_s.jpg

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཛོམས་གནང་བ་རེད། འདི་ནི་ཝང་ཅུན་ཀྲེང་དང་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ཕན་ཚུན་མཇལ་དར་ཕུལ་བཞིན་པ།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཛོམས་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་བཟང་རྒྱལ་མཚན་དང་། ཀྲོང་ཡན། ཁྲེན་ཡུང་ཆི། ཀརྨ་ཚེ་བརྟན། ཟླ་བ་ཚེ་རིང་། ལྕགས་རྭ་བློ་བཟང་བསྟན་འཛིན། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ས་ལུང་ཕུན་ལགས། བསོད་ནམས་རིག་འཛིན་བཅས་མཇལ་འཛོམས་ལ་ལྷན་དུ་ཞུགས་ཡོད་པ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་བོད་དུ་ཕྱག་ལས་དང་གཟིགས་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་ཤིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་གཙོ་སྐྱོང་གནང་བ་དང་། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ། སྐུ་ངོ་མ་བོད་དུ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་བཅས་ཀྱི་ཐོག་ནས་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་། རྩ་བའི་གཞི་འཛིན་ས་མཁོ་འདོན། སྒུལ་ཤུགས་ཆེན་པོ་བསྣན་ཡོད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་ཀྱིས་བོད་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་བར་སྐུལ་འདེད་བཏང་བས། ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་དུལ། སྐྱེ་ཁམས་བཟང་བ། མཐའ་མཚམས་སྲ་བརྟན། ཏང་འཛུགས་ལ་ཤུགས་སྣོན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། གྲུབ་འབྲས་འདི་དག་ཐོབ་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་བརྟེན་པའི་འབྲས་བུ་ཞིག་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་འབད་འཐབ་ཧུར་ཐག་བྱས་པའི་འབྲས་བུ་ཞིག་ཡིན་ཞིང་། དེའི་ནང་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣས་འབད་བརྩོན་ཧུར་ཐག་བྱས་པའི་འབྲས་བུ་ཡང་ཚུད་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་སྣེ་ཁྲིད་དེ་ལྗོངས་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣར་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པར་སློབ་གསོ་ཁྲིད་སྟོན་དང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ན་ནིང་ཁྱེད་ལ་བཀྲས་ལྷུན་དགོན་གྱི་མདོ་ཕྱོགས་ཀྱི་མཚན་གནས་མཐོ་ཤོས“བཀའ་ཆེན”གྱི་མཚན་གནས་ཐོབ་ནས་ཆོས་ལུགས་ཀྱི་ཐོས་བསམ་ཟབ་ཏུ་གཏོང་བར་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཁྱེད་ཀྱི་འཚར་ལོངས་དང་ཡར་རྒྱས་ལ་ང་ཚོ་སེམས་གཏིང་ནས་དགའ་ཚོར་ཆེན་པོ་བྱུང་ལ་ལྷག་བསམ་ཟོལ་མེད་ཀྱི་རྟེན་འབྲེལ་ཡང་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསལ་སྟོན་གནང་བའི“དོན་ཆེན་བཞི”ལག་བསྟར་དོན་འཁྱོལ་བྱེད་པར་དམིགས་ནས“འཛུགས་གཏོད་བཞིའི”འབད་འཐབ་དམིགས་ཚད་བཏོན་ཏེ་རྒྱལ་ཁབ་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་བཞིན་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་སུ“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་བཞིན་ཡོད་པ་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། དེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་དང་འབྲེལ་བ་ཡོད། དགེ་འདུན་པའི་དོན་ཆེན་ནི་རྒྱལ་སྐྱོང་འགྲོ་ཕན་བྱ་རྒྱུ་དེ་ཡིན་ཞིང་། ཆོས་ལུགས་སྦྱོང་སྐབས་རྒྱལ་གཅེས་རྒྱལ་དར་ཡོང་བར་བསམ་བློ་གཏོང་བ་དང་། སྒོམ་སྒྲུབ་བྱེད་སྐབས་དམངས་ལ་ཕན་པ་བསྐྲུན་རྒྱུ་བརྗེད་མི་རུང་། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་གཏོང་བ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་གནང་ནས་བློ་གཅིག་སེམས་གཅིག་གིས་ཏང་གི་རྗེས་སུ་འབྲང་བ་དང་། སྣེ་ཁྲིད་དེ་རྒྱལ་གཅེས་ཆོས་གཅེས་དང་། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། སློབ་གཉེར་སྒོམ་སྒྲུབ་དང་གསུང་རབ་ལ་སྦྱངས་པ་མཐར་ཕྱིན་གནང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་བོད་བརྒྱུད་ནང་བསྟན་གྱི་སྡོམ་ཁྲིམས་དང་བསྟན་དོན་ལ་དགོངས་འགྲེལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་གནང་བ། རྩ་ཁྲིམས་ལ་གོང་བཀུར་དང་། བཅའ་ཁྲིམས་ལ་གུས་སྐྲག སྡོམ་ཁྲིམས་ནན་སྲུང་། དད་ལྡན་སེར་སྐྱ་མང་ཚོགས་ཚོར་རྒྱལ་ཁབ་ནི་ཆོས་ལུགས་ལས་ཆེ་བ་དང་། རྒྱལ་ཁྲིམས་ནི་ཆོས་ཁྲིམས་ལས་ཆེ་བ། སྤྱི་དམངས་ནི་ཆོས་འབངས་ལས་ཆེ་བ་བཅས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་སློབ་གསོ་ཁྲིད་སྟོན་དང་། བྱ་སྤྱོད་དངོས་ལ་བརྟེན་ནས“ཚད་གཞི་བཞིའི”བླང་བྱ་ལག་བསྟར་གྱིས“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བར་སྐུལ་འདེད་གཏོང་བ། འགན་འཁྲི་ནན་ཏན་སྒྲུབ་པ་དང་སྲིད་ཞུགས་སྲིད་གླེང་ཧུར་ཐག་གནང་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཐབས་འདོན་ཇུས་འབུལ་དང་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཆོས་ལུགས་ལས་རིགས་མི་སྣར་བྱམས་བརྩེའི་ཐུགས་ཁུར་གནང་གི་ཡོད། 2021ལོར་སྐུ་ངོ་མ་བོད་དུ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་དང་འབྲེལ། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་ཚབ་མི་སྣར་མཇལ་འཕྲད་གནང་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པར་བླང་བྱ་ཁ་གསལ་བཏོན་གནང་ཡོད། ང་རང་ལ་འགན་འཁྲི་གཟི་བརྗིད་ལྡན་པ་དང་ལས་འགན་ལྕི་པོ་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་དང་། རྒྱལ་སྐྱོང་འགྲོ་ཕན་གྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་བློ་བརྟན་འགྱུར་མེད་ངང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་ཀྱི་ཡིན། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ། བོད་བརྒྱུད་ནང་བསྟན་དེ་རྒྱལ་ཁབ་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་ཐོན། མི་དམངས་ཀྱི་བདེ་རྩ་བཅས་དང་ཟུང་འབྲེལ་དང་འཚམ་མཐུན་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་གྱི་ཡིན་ཞེས་གསུངས་པ་དང་། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས། རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ནི་དེང་རབས་རྒྱལ་ཁབ་ཀྱི་སྤྱི་དམངས་ཚང་མར་ལྡན་དགོས་པའི་གཞི་རྩའི་འདུ་ཤེས་ཡིན་པ་མ་ཟད། ཆོས་ལུགས་ལས་རིགས་མི་སྣར་ཆོས་དད་རང་མོས་ཀྱི་དབང་ཆ་ཡོད་པ་དང་རྒྱུན་གཏན་ལྟར་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བའི་སྔོན་འགྲོའི་ཆ་རྐྱེན་དང་འགན་ལེན་དང་། ཆོས་ལུགས་སྐྱོན་བྲལ་ངང་རྒྱུན་འཛིན་དང་། སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་པ། དགེ་མཚན་ལྡན་པའི་ནུས་པ་འདོན་པ་བཅས་ཀྱི་གཞི་རྩའི་ཆ་རྐྱེན་ཞིག་ཀྱང་ཡིན་པས། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་དང་། དགོངས་འགྲེལ་གཏིང་ཟབ་དང་འཆད་འགྲེལ་ཡོངས་ཁྱབ། ལོ་རྒྱུས་ཀྱི་འགན་འཁྲི་འཁུར་བ། བོད་བརྒྱུད་ནང་བསྟན་གྱི་དུས་རབས་ཀྱི་བརྗོད་གཞི་ལེགས་སྒྲུབ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།