དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-16

    རང་ས་ཁུལ་དུ་ཡུལ་སྐོར་གྱི་བྱེད་སྒོ་སྤེལ་རྒྱུའི་བྱ་ཐབས་འགའ་ཞིག་ཞིབ་འཇུག་བྱས་ཏེ་ལྗོངས་ནང་ཁུལ་གྱི་ཡུལ་སྐོར་ཁྲོམ་རའི་ཡིད་ཆེས་འཕེལ་བར་བྱེད་པ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བྱ་སྤྱོད་ཀྱི་ཇུས་གཞིར་ཞིབ་འཇུག་བྱས་ཏེ་གསོན་ཤུགས་སྔར་བས་འཕེལ་བ་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་ཐུབ་པ་བྱ་རྒྱུ་ཡིན་པ།

    ཚེས་13ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་འཚོགས་ནས་རང་ས་ཁུལ་དུ་ཡུལ་སྐོར་གྱི་བྱེད་སྒོ་སྤེལ་རྒྱུའི་བྱ་ཐབས་འགའ་ཞིག་ལ་ཞིབ་འཇུག་བྱས་ཏེ་ལྗོངས་ནང་ཁུལ་གྱི་ཡུལ་སྐོར་ཁྲོམ་རའི་ཡིད་ཆེས་འཕེལ་བ་དང་། 2022ལོར་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བྱ་སྤྱོད་ཇུས་གཞིར་ཞིབ་འཇུག་བྱས་ཏེ་གསོན་ཤུགས་སྔར་བས་འཕེལ་བ་དང་འགྲན་རྩོད་ཀྱི་ནུས་པ་ཆེ་རུ་གཏོང་ཐུབ་པ་བྱ་རྒྱུ་ཡིན་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ད་རེས་རང་ས་ཁུལ་དུ་ཡུལ་སྐོར་གྱི་བྱེད་སྒོའི་གཟིགས་སྐྱོང་བྱ་དགའི(ཁ་གསབ)བྱ་ཐབས་12བཏོན་ཞིང་། དུས་ཚོད་ནི་2022ལོའི་ཟླ་5ཚེས་19ནས་ཟླ་12ཚེས་31ཉིན་བར་ཡིན་པ་རེད། བྱེད་སྒོའི་གཟིགས་སྐྱོང་བྱ་ཡུལ་ནི་བོད་དུ་སླེབས་ནས་ཉིན་14ཡན་སོང་བའི་ཐེམ་ཁུངས་བོད་ནས་ཡིན་པའི་མི་སྣ་དང་། བོད་སྐྱོར་ལས་བྱེད་པ། ཡུན་རིང་བོད་དུ་ལས་ཀ་བྱེད་མཁན། དེ་བཞིན་བོད་དུ་སླེབས་ནས་ཉིན་14ཡན་སོང་བའི་མི་སྣ་བཅས་དང་། རང་ས་ཁུལ་དུ་ཡུལ་སྐོར་སྒྲིག་འཛུགས་བྱེད་མཁན་གྱི་ལྗོངས་ནང་ཁུལ་གྱི་ཡུལ་སྐོར་ཚོགས་པའི་ཡུལ་སྐོར་ལས་དོན་ཁང་དང་། Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ(དགོན་སྡེ་དང་མཛེས་ལྗོངས་ཁུལ་ཚུད་པ) སྐར་མ་རིམ་པའི་གསོལ་མགྲོན་ཁང་། ཡུལ་སྐོར་སྐྱེལ་འདྲེན་ཁེ་ལས་དང་ལྗོངས་ནང་ཁུལ་གྱི་མཁའ་ལམ་དུ་འཕུར་བའི་མཁའ་འགྲུལ་ཀུང་སི་བཅས་རེད། རང་ས་ཁུལ་དུ་ཡུལ་སྐོར་དང“དགུན་དུས་བོད་དུ་ཡུལ་སྐོར”གྱི་སྲིད་ཇུས་གཉིས་ཀ་ལོངས་སྤྱོད་བྱེད་ཆོག་གི་མེད་པར་དེའི་ཁྲོད་ནས་ཁ་གསབ་མང་བའི་སྲིད་ཇུས་དེ་ལོངས་སུ་སྤྱོད་ཆོག་གི་ཡོད་པ་རེད།

     གཟིགས་སྐྱོང་བྱ་ཐབས་ནང་གཙོ་བོ་གཤམ་གསལ་ནང་དོན་ཚུད་པ་སྟེ། གཅིག་ནི་ཡུལ་སྐོར་འཛད་སྤྱོད་འཛིན་ཤོག་སྒོར་ཁྲི་3000སྤྲོད་རྒྱུ་དང་། གཉིས་ནི་ལྗོངས་ཡོངས་ཀྱི་Aརིམ་པའི་མཛེས་ལྗོངས་ཁུལ་གྱིས་ཡུན་རིང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་ལ་གཞོལ་བའི་སྨན་དོན་མི་སྣ་དང་། སྤྱི་བདེ་ལས་བྱེད་ཉེན་རྟོག་པ། དམིགས་བསལ་ཚོགས་སྤྱི(དམག་སྐུལ་དང་ལེན་ཞུ་བཞིན་པའི་དམག་མི་དང་དབང་པོ་སྐྱོན་ཅན)ལ་སྒོ་འཛིན་མི་ལེན་པ། ལྗོངས་ནང་ཁུལ་གྱི་ཡུལ་སྐོར་བར་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་གྱི་རིན་པ་ཆག་ཡང་གཏོང་བའི་བྱ་ཐབས་འདོན་རྒྱུ་དང་Aརིམ་པ་ཡན་གྱི་མཛེས་ལྗོངས་ཁུལ་ལ་དེ་མཚུངས་ཀྱི་ཁ་གསབ་སྤྲོད་རྒྱུ། གསུམ་ནི་ལྗོངས་ནང་ཁུལ་གྱི་ཡུལ་སྐོར་བ་སྒྲིག་འཛུགས་བྱས་ནས་མི་གྲངས་200དང་དེ་ཡན་ཟིན་པའི་ཡུལ་སྐོར་ལས་དོན་ཁང་ལ་དེ་མཚུངས་ཀྱི་མ་དངུལ་གྱི་བྱ་དགའ་སྤྲོད་རྒྱུ། མི་གྲངས་800ཡན་ཟིན་པ་དང་ལྗོངས་ནང་ཁུལ་ནས་མདུན་གྲལ་གྱི་ཨང་རིམ་10ཡན་དུ་སླེབས་པའི་ཡུལ་སྐོར་ལས་དོན་ཁང་རེར་བྱ་དགའ་སྒོར་ཁྲི་20སྤྲོད་རྒྱུ། G219ལམ་རྒྱུད་དུ་མཐའ་སྲུང་དང་གསར་བརྗེའི་ཡུལ་སྐོར་སྒྲིག་འཛུགས་བྱེད་མཁན་ཡུལ་སྐོར་ལས་དོན་ཁང་ལ་མི་རེར་བྱ་དགའ་སྒོར་100ལོགས་སུ་ཁ་སྣོན་རྒྱག་རྒྱུ། ཡུལ་སྐོར་ལས་དོན་ཁང་གིས་བཏོན་པའི་སྤྲོ་གསེང་ཐུང་ངུ་སོགས་ཁྱད་ལྡན་ཐོན་རྫས་ཀྱིས་མི་100ཡན་གྱི་ཡིད་དབང་བཀུག་ཚེ་བྱ་དགའ་སྒོར་ཁྲི་5སྤྲོད་རྒྱུ། བཞི་ནི་ཡུལ་སྐོར་བ་དཀོན་དུས་ཀྱི་རིན་གོང་ལག་ལེན་བསྟར་བ་མ་ཟད་སྣེ་ལེན་ཞུས་པའི་མི་གྲངས་1000ཟིན་པའི་སྐར་མ་རིམ་པའི་གསོལ་མགྲོན་ཁང་ལ་སྡེབ་གཅིག་ལ་ཁ་གསབ་སྒོར་ཁྲི་5སྤྲོད་རྒྱུ། ལྔ་ནི་འཁོར་རིགས་ཆེ་གྲས་ལ་སྤྱི་ལེ་རེར་སྒོར་2དང་། འབྲིང་གྲས་ལ་སྤྱི་ལེ་རེར་སྒོར་1.5 ཆུང་གྲས་ལ་སྤྱི་ལེ་རེར་སྒོར་1བཅས་ཀྱི་ཚད་གཞི་གཞིར་བཟུང་ཡུལ་སྐོར་སྐྱེལ་འདྲེན་ཁེ་ལས་ལ་འཚོ་སྣོན་སྤྲོད་རྒྱུ་དང་མཁའ་འགྲུལ་གྱི་གཟིགས་སྐྱོང་ཐད་མཁའ་འགྲུལ་གྱི་འགྲུལ་སྐྱེལ་གཉེར་སྐྱོང་གི་སྤ་སེའི་རིན་པ་གཞིར་བཟུང་གཟིགས་སྐྱོང་སྲིད་ཇུས་སྒྱུར་བཅོས་བྱས་ནས་ལག་ལེན་བསྟར་རྒྱུ། དྲུག་ནི་ཡིད་རྟོན་དངུལ་བུན་གྱི་རོགས་སྐྱོར་དང་། ལས་བྱེད་ལས་བཟོ་དེའི་ནང་ཞུགས་པར་སྐུལ་ལྕག ཡུལ་སྐོར་དྲིལ་བསྒྲགས་དང་ཁྱབ་གདལ་ལ་ཤུགས་སྣོན་རྒྱག་པ། མཐའ་མཚམས་ཀྱི་ཐོངས་མཆན་གཉེར་སྒྲུབ་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་གསར་དུ་བཏོད་ནས་འདོན་རྒྱུ་བཅས་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྲིད་ཇུས་དྲིལ་བསྒྲགས་ཡག་པོ་བྱས་ཏེ་ཚང་མས་ཤེས་ཐུབ་པའི་འགན་ལེན་བྱེད་དགོས། ཡིད་ཆེས་ཆེ་རུ་བཏང་སྟེ་ཡུལ་སྐོར་ཁྲོམ་རའི་བྱེད་པོར་བྱ་དགའ་དང་འཚོ་སྣོན་སྤྲོད་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་། ཞབས་ཞུ་ལས་རིགས་ཁྱབ་ཁོངས་ཀྱི་དཀའ་ངལ་ཡོད་པའི་ལས་རིགས་སླར་གསོ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི་དོན་འཁྱོལ་ཡག་པོ་བྱེད་དགོས། “ཕྱི་ནས་མ་འགོ་བ་བྱེད་པའི”འགག་སྒོ་མུ་མཐུད་བརྟན་པོ་བསྲུངས་སྟེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱེད་དགོས།

    ཚོང་གཉེར་ཁོར་ཡུག་གི་ལྐོག་ཞིབ་བརྙན་ཐུང་བལྟས་རྗེས། ཚོགས་འདུའི་ཐོག་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ལྷགས་བསྡད་པའི་སྐྱོན་ཆ་དང་ཞན་ཆ་གསེད་བཀྲོལ་ལ་དམིགས་པ། སྲིད་ཇུས་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་པ། འགག་ས་དང་དཀའ་གནད་ཆེ་བའི་གནད་དོན་མཐའ་གཅིག་ཏུ་སེལ་བ། ལྡོག་ཕྱོགས་ཀྱི་དཔེ་མཚོན་ཁག་གཅིག་ལ་དམ་འཛིན་ནན་པོ་བཅས་བྱེད་དགོས། སྤྱི་ཡོངས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཇུས་གཞིར་གཞིགས་ནས་ལས་བགོས་རྒྱག་པ། ལས་འགན་རེ་རེ་བཞིན་དུ་རྩིས་ལེན་དང་དོན་ཚན་རེ་རེ་བཞིན་དོན་འཁྱོལ་བཅས་བྱེད་དགོས། ཕན་འབྲས་འདྲི་རྩད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གདེང་འཇོག་རང་འགུལ་ངང་དང་ལེན་ཞུ་བ། གདེང་འཇོག་ཁྲོད་ནས་གནད་དོན་དང་། མི་འདང་བའི་ཆ། འབད་འཐབ་ཁ་ཕྱོགས། སྒྱུར་བཅོས་བྱ་ཐབས་བཅས་འཚོལ་བ། བྱ་སྤྱོད་དངོས་ལ་བརྟེན་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ཏེ་ཁྲོམ་རའི་བྱེད་པོ་བློ་ཡིད་ཚིམ་པོ་ཡོང་བར་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག ད་དུང་ཁྲོམ་ར་གཅིག་གྱུར་དང་གཞུང་དྲང་འགྲན་རྩོད་ལ་འགོག་རྐྱེན་བཟོ་བའི་སྲིད་ཇུས་དང་བྱ་ཐབས་ཀྱི་ཡིག་ཆ་བཟོ་བཅོས་དང་མེད་པར་བཟོ་རྒྱུའི་དོན་ཚན་ལ་ཞིབ་འཇུག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།