དབུ་ཤོག>སྲིད་དོན།
  • ཁྲེན་ཡུང་ཆིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-16

    ཟླ་5ཚེས་11ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས《ཁྲལ་འབབ་བསྡུ་འདོམས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལག་བསྟར་དོན་འཁྱོལ་བྱས་ཚུལ་དང་ཚབ་འཕྲི་ཁྲལ་སློག་སོགས་ཁྲལ་བསྡུའི་སྲིད་ཇུས་ཀྱི་དཀའ་སྒྲོལ་རྒྱབ་སྐྱོར་སོགས་ཀྱི་ལས་དོན་སྒྲུབ་ཚུལ་གྱི་སྙན་ཞུ་གསན་པ། 《བོད་རང་སྐྱོང་ལྗོངས་ཀྱི་གྱོད་འབྲེལ་རྒྱུ་ནོར་གྱི་རིན་གོང་ངོས་འཛིན་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》བཟོ་བཅོས་རྒྱག་པ་སོགས་ཀྱི་དོན་ཚན་ལ་ཞིབ་འཇུག་གནང་བ་མ་ཟད། འབྲེལ་ཡོད་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་དང་ཀྲང་ཧུང་པོ་ལྷན་དུ་ཞུགས་ཡོད་པ་རེད།

    ཁྲེན་ཡུང་ཆིས་ཁྲལ་བསྡུ་ནི་དཔལ་འབྱོར་སྙོམས་སྒྲིག་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་རིམས་ནད་འགོག་ཐུབ་པ་དང་། དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་བདེ་འཇགས་ལྡན་པ་བཅས་ཀྱི་བླང་བྱ་གལ་ཆེན་དོན་འཁྱོལ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ལ་ཕྱོགས་ཡོངས་ནས་དམ་འཛིན་ཡག་པོ་བྱེད་པ། རང་ལྗོངས་ཀྱི་ཁྲལ་དོན་ཁྲིམས་འཛིན་གྱི་ཚད་ལྡན་རང་བཞིན་དང་། ཞབས་ཞུའི་སྟབས་བདེའི་རང་བཞིན། ལྟ་འདོམས་ཀྱི་གནད་འཁེལ་རང་བཞིན་བཅས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། ཁྲལ་བསྡུའི་རྨང་གཞིའི་རང་བཞིན་དང་། ཀ་རྟེན་རང་བཞིན། འགན་སྲུང་རང་བཞིན་བཅས་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བཅས་བྱེད་དགོས། ཁྲལ་བསྡུའི་ཁྲལ་རིན་གཉིས་གཅོག་དང་ཁེ་ལས་དཀའ་གནད་ལས་སྒྲོལ་རོགས་བྱེད་པའི་མང་བསྡུས་སྲིད་ཇུས་གང་མགྱོགས་དོན་འཁྱོལ་བྱས་ཏེ་ཁེ་ལས་དང་སྒེར་གཉེར་བཟོ་ཚོང་དུད་ཚང་སླར་གསོ་འཕེལ་རྒྱས་ལ་རོགས་རམ་བྱེད་དགོས། སྲིད་ཇུས་ལག་བསྟར་དང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་ཚབ་འཕྲི་ཁྲལ་སློག་གཡོ་ལེན་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ“འགན་ལེན་གསུམ”གྱི་མཐའ་ཚད་བསྐྱངས་ནས་བརྒྱུད་རིམ་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རང་ལྗོངས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་ནང་མཁོ་ཆེ་རུ་གཏོང་བའི་ཞིབ་ཕྲའི་བྱ་ཐབས་གང་མགྱོགས་ཞིབ་འཇུག་བྱས་ནས་བཏོན་ཏེ་ཕྱོགས་བསྡུས་ཇུས་བསྟར་བྱས་ནས་འཛད་སྤྱོད་མང་དུ་གཏོང་གང་ཐུབ་བྱེད་པ་དང་། འཛད་སྤྱོད་རྒྱུན་མཐུད་ངང་སླར་གསོ་ཐུབ་རྒྱུར་སྐུལ་འདེད་གཏོང་བ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པ་བཅས་བརྒྱུད་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་གསུངས་པ་རེད།

    ཁྲེན་ཡུང་ཆིས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་ལས་དོན་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ། ཁྲིམས་ལྟར་བོད་སྐྱོང་མཐའ་འཁྱོངས་བྱེད་པ། དུས་རབས་གསར་པའི་སྲིད་འཛིན་ཁྲིམས་འཛུགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་མཐའ་འཁྱོངས་བྱེད་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། རང་ལྗོངས་ཀྱི་རིན་གོང་ངོས་འཛིན་གཏན་འཁེལ་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། འཕེལ་སྒྱུར་དང་། ཁྲིམས་འཛིན། ཁྲལ་དོན་བཅས་འགན་ནུས་སྡེ་ཚན་གྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ། ཁྲིམས་འཛིན་ཞིབ་བཤེར་ནན་དུ་གཏོང་བ། 《སྲོལ་ཡིག》བཟོ་བཅོས་ཀྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ་བཅས་བྱས་ནས་གྱོད་འབྲེལ་རྒྱུ་དངོས་ཀྱི་རིན་གོང་ངོས་འཛིན་གཏན་འཁེལ་ལས་དོན་ལ་སྲ་ཞིང་བརྟན་པའི་ཁྲིམས་སྐྱོང་གི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ད་དུང་རང་སྐྱོང་ལྗོངས་སྨན་ཁང་དང་ལྷན་སྦྱར་གྲོང་ཁྱེར་བཀོད་པའི་རྣམ་གྲངས་སོགས་ཀྱི་དོན་ཚན་ལ་ཞིབ་འཇུག་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།