དབུ་ཤོག>སྲིད་དོན།
  • ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་སུ“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་རྒྱུའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-15

    W020220513799435402558.png

    ཟླ་5ཚེས་13ཉིན་གྱི་སྔ་དྲོར། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་སུ“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་རྒྱུའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

    2220090_huangzy_1652544000000_s.jpg

    ཟླ་5ཚེས་13ཉིན་གྱི་སྔ་དྲོར། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་སུ“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་རྒྱུའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།

    ◆ ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཐུན་མོང་གི་ངོས་འཛིན་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།

    ཚེས་13ཉིན་གྱི་སྔ་དྲོར། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་སུ“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་རྒྱུའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཆོས་ལུགས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་བ། བསམ་བློའི་ངོས་འཛིན་གཅིག་མཐུན་དང་། ལས་འགན་དང་བླང་བྱ་ཁ་གསལ། འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཐུན་མོང་གི་ངོས་འཛིན་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་ཆོས་ལུགས་ལས་རིགས་སུ“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་རྒྱུའི་ལག་བསྟར་ཇུས་གཞིའི་སྐོར་གསལ་བཤད་གནང་བ། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝང་ཝུའེ་ཏུང་དང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན། ཟླ་བ་ཚེ་རིང་བཅས་ཚོགས་འདུར་ཞུགས་པ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་སུ“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་རྒྱུ་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་པའི་བྱེད་ཐབས་གལ་ཆེན་ཞིག་དང་། སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་སྲུང་སྐྱོང་དང་ཆོས་ལུགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཚབས་ཆེན་ལ་འགོག་ཟོན་དང་སེལ་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ་དང་། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ། ཆོས་ལུགས་ལས་དོན་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་བཏང་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་བཅས་ཡིན་པ་དེ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་དང་འབྲེལ་བ་ཡོད་པས་དེར་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆོས་ལུགས་ལས་རིགས་ཀྱི་མི་སྣར་རྒྱལ་ཁབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་སློབ་གསོ་ཁྲིད་སྟོན་བྱས་ནས་ཆོས་ལུགས་ལས་རྒྱལ་ཁབ་ཆེ་བའི་འདུ་ཤེས་བརྟན་པོ་འཛུགས་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་སྐྱིད་སྡུག་མཉམ་མྱོང་དང་། གཟི་ཁྲེལ་མཉམ་འཁུར། འཆི་གསོན་མཉམ་གནས། ལས་དབང་གཅིག་མཐུན་བཅས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས། རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཟབ་གཏོད་བྱས་ནས་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོ་བཙུགས་ནས་རྒྱལ་གཅེས་རིང་ལུགས་དེ་ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཡོངས་ཀྱི་དད་སེམས་བརྟན་པོ་དང་། བསམ་པའི་སྟོབས་ཤུགས། རང་རྟོགས་ཀྱི་བྱ་སྤྱོད་བཅས་སུ་འགྱུར་བར་བྱས་ནས་ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ཀྲུང་གོ་གུང་ཁྲན་ཏང་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ། ཏང་དང་བློ་ཁ་གཅིག་མཐུན་དང་། བློ་སེམས་གཅིག་མཐུན། བསམ་སྦྱོར་གཅིག་མཐུན་བཅས་ཡོང་བར་བྱས་ནས་རྒྱལ་གཅེས་ཀྱི་བརྩེ་སེམས་དང་། རྒྱལ་ཁབ་སྟོབས་ཆེར་གཏོང་བའི་བློ་སྟོབས། རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བྱ་སྤྱོད་བཅས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ནང་མཉམ་འདྲེས་ཐུབ་པར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆོས་ལུགས་ལས་རིགས་ཀྱི་མི་སྣར་སྤྱི་དམངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་སློབ་གསོ་ཁྲིད་སྟོན་བྱས་ནས་ཆོས་འབངས་ལས་སྤྱི་དམངས་ཆེ་བའི་འདུ་ཤེས་བརྟན་པོ་འཛུགས་དགོས། རྒྱལ་ཁབ་ཀྱི་བདག་པོའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་ཀྱི་ཁེ་ཕན་དང་། གཟི་བརྗིད་མཚན་སྙན། བདེ་འཇགས་བཅས་ལ་རང་རྟོགས་ངང་སེམས་ཁུར་དང་སྲུང་སྐྱོང་བྱས་ནས“ཚད་གཞི་བཞི”དང་མཐུན་པའི་སྔོན་ཐོན་གྲྭ་བཙུན་དང་རྒྱལ་ཁབ་དང་། སྤྱི་ཚོགས། མི་དམངས་བཅས་ལ་ཕན་ཐོགས་པའི་མི་ཞིག་ཧུར་ཐག་བྱེད་དགོས། ཁེ་དབང་དང་འོས་འགན་གཅིག་གྱུར་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་རྒྱལ་ཁབ་དང་ཀྲུང་ཧྭ་མི་རིགས་ཀྱི་ཁེ་ཕན་བླ་ན་མེད་པའི་གནས་བབ་ཐོག་འཇོག་དགོས། དུས་རབས་འཕེལ་རྒྱས་དང་རང་འགུལ་ངང་བསྟུན་པའི་འདུ་ཤེས་ཟབ་ཏུ་བཏང་སྟེ་དད་ལྡན་མང་ཚོགས་ལ་དད་སྦྱོར་ཡང་དག་ཡོང་བར་ཁྲིད་སྟོན་དང་གོམས་སྲོལ་བསྒྱུར་རྒྱུ་དར་སྤེལ་བཏང་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”རམ་འདེགས་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་སྟེ། ཆོས་ལུགས་ལས་རིགས་མི་སྣར་རང་ངོས་ཀྱི་ནུས་པ་ཧུར་ཐག་བཏོན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆོས་ལུགས་ལས་རིགས་མི་སྣར་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བའི་སློབ་གསོ་ཁྲིད་སྟོན་བྱས་ནས་འདུལ་ཁྲིམས་ལས་རྒྱལ་ཁྲིམས་ཆེ་བའི་འདུ་ཤེས་བརྟན་པོ་འཛུགས་དགོས། རྒྱལ་ཁྲིམས་གོང་དུ་བཀུར་བའི་འདུ་ཤེས་བརྟན་པོ་བཙུགས་ཏེ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་རང་རྟོགས་ངང་དང་ལེན་དང་། རང་གིས་རང་ལ་སློབ་གསོ་དང་། རང་གིས་རང་ལ་དོ་དམ། རང་གིས་རང་ལ་གཅུན་འདོམས་བཅས་ལ་ཤུགས་སྣོན་རྒྱག་དགོས། ཆོས་ལུགས་ལས་དོན་སྐོར་གྱི་ཏང་གི་གཞི་རྩའི་མཛད་ཕྱོགས་དང་སྲིད་ཇུས་ལག་བསྟར་དོན་འཁྱོལ་གྱིས“ཁྲིམས་མཐུན་སྲུང་སྐྱོང་དང་། ཁྲིམས་འགལ་བཀག་འགོག ཐལ་སྐྱོད་གཏན་འགོག སིམ་འཛུལ་བཀག་འགོག ཁྲིམས་འགལ་ལ་རྡུང་རྡེག”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཆོས་ལུགས་ཁྱབ་ཁོངས་ཀྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་ཧུར་ཐག་བྱས་ནས་ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ་དང་། ཆོས་ལུགས་ནང་ཁུལ་གྱི་ལས་དོན་ལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བ་བཅས་བྱས་ནས་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བཀུར་ཁྲིམས་སྲུང་ཐུབ་པར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆོས་ལུགས་ལས་རིགས་སུ“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་རྒྱུ་དང“ཚད་གཞི་བཞིའི”སློབ་གསོ་ལག་ལེན་བྱེད་སྒོར་རྒྱུན་རྣམ་ཅན་གྱི་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ཏེ། རྒྱ་ཆེའི་གྲྭ་བཙུན་ཚོར་ཆབ་སྲིད་ཐད་བློས་འཁེལ་བ་ཞིག་བྱས་ནས་རྒྱལ་གཅེས་ཡར་ཐོན་དང་། ནམ་ཡང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་གྲྭ་བཙུན་ཡག་པོ་ཞིག་བྱེད་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་དགོས་པ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་མོ་ཡོད་པར་བྱས་ནས་ཐོས་བསམ་སྒོམ་གསུམ་ལ་བརྩོན་པ་དང་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་རྒྱུན་འཛིན་ལ་སྐུལ་འདེད་གཏོང་མཁན་གྲྭ་བཙུན་ཡག་པོ་ཞིག་བྱེད་དགོས། སྤྱོད་ལམ་ཐད་དམངས་མགུ་པོ་ཡོང་བར་བྱས་ནས་སྒྲིག་བཀུར་ཁྲིམས་སྲུང་དང་འགྲོ་དོན་དོན་གཉེར་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་མཁན་གྲྭ་བཙུན་ཡག་པོ་ཞིག་བྱེད་དགོས། འགག་རྩའི་དུས་སུ་ནུས་པ་ཐོན་པར་བྱས་ནས་ལངས་ཕྱོགས་བརྟན་པོས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་མཁན་གྲྭ་བཙུན་ཡག་པོ་ཞིག་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཆོས་ལུགས་ལས་རིགས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོར་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་། ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས། ལས་ཀའི་དགོས་གཏུགས་བསམ་པ་བཅས་ཀྱི་ཐོག་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་གཏོགས་ཁོངས་ཀྱི་འགན་འཁྲི་ནན་དུ་བཏང་ནས་སློབ་གསོའི་བྱེད་སྒོར་རྒྱུན་ཆད་མེད་པར་གྲུབ་འབྲས་ཐོབ་པའི་འགན་ལེན་བྱེད་དགོས་པ་དང་། བྱེད་ཐབས་གསར་གཏོད་བྱས་ཏེ། རྒྱ་ཆེའི་གྲྭ་བཙུན་ཚོས་གོ་ཐུབ་པའི་སྐད་ཡིག་དང་། ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་སྟངས། ཞུགས་བདེ་བའི་བྱ་ཐབས་བཅས་ལ་བརྟེན་ནས་སྒྲོག་འགྲེལ་གྱི་གསོན་ཉམས་རང་བཞིན་དང་ཡིད་དབང་འཕྲོག་ཤུགས་ཆེ་རུ་གཏོང་བ་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གྲྭ་བཙུན་ཚོས་རང་ངོས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་སློབ་གསོའི་ཕན་འབྲས་ཆེ་རུ་གཏོང་དགོས། གླེང་ཕྱོགས་ཀྱི་རྣམ་པ་ཟབ་མོ་ཧུར་ཐག་བཏོད་དེ་སློབ་གསོའི་བྱེད་སྒོའི་ཁྲོད་ཀྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་ཕྱོགས་སྡོམ་དང་དང་ལེན་ལ་སྣང་ཆེན་བྱས་ནས་སྔོན་ཐོན་དཔེ་བཟང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས། ཆོས་ལུགས་ལས་རིགས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་སློབ་སྦྱོང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་ཀྱིས་དགོན་སྡེ་དོ་དམ་ལས་དོན་གྱི་ཚན་རིག་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། “འདུ་ཤེས་གསུམ”གྱི་སློབ་གསོའི་གྲུབ་འབྲས་རྒྱ་སྐྱེད་དང་སྣུར་སྲིང་བྱས་ནས་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ལ་གཏིང་ཟབ་ཟུག་པར་བྱས་ཏེ། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས།

    བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་གསུངས་དོན། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ནང་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་སུ“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བ་དང་། “འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་བའི་ནང་དོན་དང་། བྱེད་ཐབས། ཚད་གཞི་བཅས་ཁ་གསལ་བཏོན་གནང་བ་དེར་བསམ་བློའི་རང་བཞིན་དང་། མཛུབ་ཁྲིད་རང་བཞིན། དམིགས་སའི་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཧ་ཅང་ཆེན་པོ་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སློབ་སྦྱོང་ཡག་པོ་དང་གོ་བ་གཏིང་ཟབ་བླངས་ནས་གསུང་བཤད་ཀྱི་དགོངས་དོན་མི་སེམས་སུ་གཏིང་ཟབ་ཟུག་པའི་འགན་ལེན་བྱེད་པ་དང་། ཟུང་འབྲེལ་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱས་ནས་སློབ་གསོའི་བྱེད་སྒོར་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་པ། སྒྲིག་འཛུགས་ཡག་པོ་དང་མཐའ་འཁྱོངས་ཡག་པོ་བྱས་ནས་ཕུགས་ཕན་ལམ་སྲོལ་འཛུགས་པར་སྣང་ཆེན་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་ཆོས་ལུགས་ལས་རིགས་ཀྱིས་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས།

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ། བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་བཅས་ཡིན་པའི་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་། རང་སྐྱོང་ལྗོངས་ཆོས་ལུགས་ཅུས་ཀྱི་འགན་འཁུར་བ་དང་། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པའི་འཐུས་མི། ཆོས་ལུགས་ལས་རིགས་ཀྱི་འཐུས་མི་བཅས་ཀྱིས་གཏམ་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།