དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན (རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  罗布玉珍   |     སྤེལ་དུས།  2022-05-12

    ◆ སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་ཧུར་ཐག་བྱེད་དགོས།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས“བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་བརྒྱད་པ། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གཅིག་པ་བཅས་ཀྱི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལྗོངས་ཡོངས་ཀྱི་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་གྱི་སྙན་སེང་གསན་པ་དང་འབྲེལ། གོམ་སྟབས་རྗེས་མའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བྱས་པ་རེད། ཝང་ཅུན་ཀྲེང་གིས། འདི་ལོ་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་། དུས་བབ་ལ་བརྡར་ཤ་ཡང་དག་གཅོད་པ། ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་པ་བཅས་ཀྱི་ཐོག་ནས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ལ་རྩ་བའི་གཞི་འཛིན་སའང་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བླང་བྱར་གཞིགས་པ། ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པ་འཐོབ་རྒྱུར་སྐུལ་འདེད་གཏོང་བ། དཔལ་འབྱོར་གྱི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་གཏོང་བ། སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་ཟམ་མི་ཆད་པར་གཏོང་བ། གསོན་ཤུགས་ཟམ་མི་ཆད་པར་འཕེལ་བར་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། དཔལ་འབྱོར་འཁོར་སྐྱོད་སྐྱོན་བྲལ་དང་གོ་རིམ་ལྡན་པ་ཡོང་བ་བཅས་བྱས་པས“འགོ་བརྟན་པོ་ཚུགས་པའི”རྣམ་པ་བཟང་པོ་ཆགས་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ལས་ཀའི་སྤྱི་ཡོངས་ལ་གཅིག་འདོམས་བྱེད་རྒྱུ་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། རང་ལྗོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་ཚུལ་ལ་ཚན་རིག་དང་མཐུན་པའི་སྟངས་འཛིན་བྱེད་པ། ལས་ཀའི་དཀའ་ངལ་དང་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ། དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་གདེང་ཚོད་དང་ཆོད་སེམས་བརྟན་དུ་གཏོང་བ། རྒྱལ་ནང་དང་རྒྱལ་སྤྱིའི་རྒྱུན་འཁོར་གཉིས་དང་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོར་མཉམ་འདྲེས་ཧུར་ཐག་བྱེད་པ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་ལས་ཀའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཚང་མར་ཁྱབ་པ་བཅས་བྱེད་དགོས། སྲིད་ཇུས་ཀྱི་གོ་སྐབས་ལ་དམ་འཛིན་ནན་པོ་བྱེད་པ་དང་། འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་ཆེ་རུ་གཏོང་བ། ཁྲིམས་མཐུན་ནུས་ཆེ་མཐའ་འཁྱོངས་བྱེད་པ། ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། ལས་ཆོད་ཆེ་རུ་གཏོང་བ། ཐོན་ལས་གལ་ཆེན་དང་གཙོ་གནད་རྣམ་གྲངས་ལ་ཇུས་འགོད་ཧུར་ཐག་བཅས་བྱས་ནས་རྒྱལ་ཁབ་ཀྱི་གཞི་ཆེའི་སྲིད་ཇུས་ཀྱི་འཆར་གཞི་ཆེན་པོའི་ནང་ཚུད་པའི་བརྩོན་ལེན་ཧུར་ཐག་བྱེད་དགོས། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། ལས་འགན་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། ཁྱད་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། ནུས་ལྡན་གྱི་མ་འཇོག་ལ་ཚད་མཐོའི་མཐོང་ཆེན་བྱེད་པ། ཚོང་འགུགས་མ་འདྲེན་ལ་དམ་འཛིན་ནན་པོ་བྱེད་པ། འཛད་སྤྱོད་ཀྱི་མངོན་མེད་སྟོབས་ཤུགས་སྔོག་འདོན་བྱེད་པ། ཁེ་ལས་ལ་རོགས་སྐྱོར་དང་དཀའ་སེལ་གྱི་ལས་དོན་ཡག་པོ་སྒྲུབ་པ། ལས་ཞུགས་བྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་གཏོང་བ་བཅས་བྱས་ནས་དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་མཚམས་སུ་གནས་པའི་འགན་ལེན་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དེ་དཔལ་འབྱོར་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་གྲུབ་འབྲས་དངོས་ལ་བརྟེན་ནས་འཇོན་ཐང་དང་ཆུ་ཚད་ལ་ཞིབ་དཔྱད་བྱེད་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་དང་བསམ་ཇུས་གཅིག་གི་བསམ་བློ་བརྟན་པོ་འཛུགས་པ་དང་། འགན་འཁྲི་ཁག་བགོས་ཁ་གསལ་བཟོ་བ། སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། “བོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་སྐབས་དཔལ་འབྱོར་གྱི་རྩིས་ཁོ་ན་མི་རྒྱག་པར་ཆབ་སྲིད་ཀྱི་རྩིས་དང་། དམངས་འཚོའི་རྩིས། དམངས་སེམས་ཀྱི་རྩིས་བཅས་དེ་བས་ཡག་པོ་རྒྱག་དགོས་པའི”འདུ་ཤེས་བརྟན་པོ་འཛུགས་པ། སྲིད་ཇུས་ཀྱི་གོ་སྐབས་ཡག་པོ་སྤྱོད་པ་དང་། འདང་ངེས་སྤྱོད་པ། ལྷུག་པོ་སྤྱོད་པ། གཙོ་གནད་རྣམ་གྲངས་འགན་གཙང་འགན་ལེན་གྱི་སྐུལ་སྤེལ་ལས་ཀའི་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱེད་པ། འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད། ཆ་འཕྲིན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། བོད་ཀྱི་དེང་རབས་རྨང་གཞིའི་སྒྲིག་བཀོད་མ་ལག་མགྱོགས་མྱུར་སྐྲུན་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག 2021ལོའི་ལོ་འཁོར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་བ་སྦྲེལ་མཐུད་ནུས་ལྡན་བྱེད་པའི་དཔྱད་ཞིབ་དཔྱད་དཔོག་བྱེད་རིང་ཤེས་རྟོགས་ཐུབ་པའི་གནད་དོན་དག་ཐེར་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་འབྲེལ། རང་ལྗོངས་ཀྱིས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་བྱས་ཡོད། ཝང་ཅུན་ཀྲེང་གིས་ཏང་གིས“ཞིང་གསུམ”ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་དང་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཐེབས་པའི་མཐའ་ཚད་གཉིས་དམ་པོར་སྲུང་བ། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་གང་ལེགས་འདོན་པ། གྲོང་གསེབ་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་བཅས་ཀྱི་གཙོ་གནད་ལས་དོན་ཏན་ཏིག་དང་གོ་རིམ་ལྡན་པའི་སྒོ་ནས་ལེགས་པར་སྒྲུབ་པ་བཅས་བྱས་ནས། གྲོང་གསེབ་དར་རྒྱས་ལ་འཕེལ་རྒྱས་གསར་པ་ཡོང་བ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ཕྱོགས་སུ་གོམ་སྟབས་གསར་པ་སྤོ་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དང་ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་གྱི་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གི་ཆེད་དོན་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་འབྲེལ། རང་ལྗོངས་ཀྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་ཡོད། ཝང་ཅུན་ཀྲེང་གིས། “གསོ་སྐྱོང་དང་། ནང་འདྲེན། བེད་སྤྱོད། གནས་ཐུབ་པ”བཅས་ཀྱི་འདུ་འགོད་ཆེན་པོ་བཞི་ལག་ལེན་ཤུགས་ཆེན་བསྟར་བ་དང་། ཕུལ་བྱུང་ཤེས་ལྡན་མི་སྣ་འབུར་དུ་ཐོན་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”ཤེས་ལྡན་མི་སྣ་འཕེལ་རྒྱས་ཀྱི་འཆར་འགོད་ཚན་རིག་དང་མཐུན་པའི་ངང་བཟོ་བ་བཅས་བྱས་ནས། ཤེས་ལྡན་མི་སྣའི་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”བླང་བྱ་མཐའ་འཁྱོངས་བྱེད་པ་དང་། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་སྤྱོད་པ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་དཔའ་བོ་གླེང་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞི་རིམ་ཏང་རྩ་འཛུགས་འདི་ཉིད་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་པོ་ཆགས་པར་བྱེད་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། མཐའ་མཚམས་ཀྱི་མངའ་ཁོངས་སྲུང་སྐྱོང་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་བཅས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ལ་ཧུར་ཐག་འགྱུར་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།