དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ཕོ་བྲང་པོ་ཏ་ལར་རིག་དངོས་དཔེ་རྙིང་སྲུང་སྐྱོབ་བེད་སྤྱོད་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  罗布玉珍   |     སྤེལ་དུས།  2022-05-11

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི། ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀྲོང་ཡན་གྱིས་ཕོ་བྲང་པོ་ཏ་ལའི་རིག་དངོས་དཔེ་རྙིང་སྲུང་སྐྱོབ་བེད་སྤྱོད་གནས་ཚུལ་བརྟག་ཞིབ་གནང་བ་དང་འབྲེལ་ས་གནས་ས་ཐོག་གི་གཞུང་སྒྲུབ་ཚོགས་འདུ་གཙོ་སྐྱོང་གནང་ནས་ལྗོངས་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

    ཀྲོང་ཡན་གྱིས་ཕེབས་ཀྱིན་དུ་གཟིགས་པ་དང་གསན་ཀྱིན་དུ་བཀའ་འདྲི་གནང་ནས་ཕོ་བྲང་པོ་ཏ་ལའི་དུས་ཐེངས་གཉིས་པའི་ཉམས་གསོའི་ལས་གྲྭ་དང་། མེ་ཟོན་མ་ལག་སྒྱུར་བཀོད་རིམ་སྤོར་རྣམ་གྲངས། ལྗོངས་ཡོངས་ཀྱི་དཔེ་རྙིང་ཚད་ལྡན་ཡིག་ཆ(ཏ་ལའི་ལོ་མའི་དཔེ་ཆ)ཉམས་གསོ་ཞིབ་འཇུག རིག་དངོས་སྲུང་སྐྱོབ་བེད་སྤྱོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་ལྗོངས་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།

    ཀྲོང་ཡན་གྱིས“སྲུང་སྐྱོབ་གཙོ་བོར་བྱེད་པ་དང་། མྱུར་སྐྱོབ་ཨང་དང་པོར་འཇོག་པ། བེད་སྤྱོད་ལུགས་དང་མཐུན་པ། དོ་དམ་ལ་ཤུགས་སྣོན་རྒྱག་པ”བཅས་ཀྱི་ལས་ཀའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཕོ་བྲང་པོ་ཏ་ལའི་དཔེ་རྙིང་ཚད་ལྡན་ཡིག་ཆ(ཏ་ལའི་ལོ་མའི་དཔེ་ཆ)སྲུང་སྐྱོབ་གསར་སྤེལ་མ་དཔེར་བྱས་ཏེ་ལྗོངས་ཡོངས་ཀྱི་རིག་དངོས་དཔེ་རྙིང་ཡོངས་བཤེར་ཐོ་འགོད་དང་། སྔོན་འགོག་རང་བཞིན་གྱི་སྲུང་སྐྱོབ། མྱུར་སྐྱོབ་རང་བཞིན་གྱི་ཉམས་གསོ། གྲངས་འཛིན་ཅན་དང་ཤེས་ལྡན་མི་སྣ་གསོ་སྐྱོང་གི་མ་ལག་འཛུགས་སྐྱོང་སོགས་ཀྱི་ལས་དོན་སྤྱི་འདོམས་ཀྱིས་ཡག་པོ་བསྒྲུབས་ཏེ་ལྗོངས་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་པ་དང་། “རིག་དངོས་སྤྱོད་གོ་ཆོད་པར་བྱེད”ཅེས་པའི་ལས་དོན་ཆེན་པོ་ཡག་པོ་བསྒྲུབས་ཏེ་བོད་ནི་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་གཏིང་ཟབ་བྱེད་པ་དང་གནའ་སྔ་མོ་ནས་བཟུང་བོད་དུ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་གཏིང་ཟབ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས་པ། ཏང་གིས་རིག་དངོས་ལས་དོན་ལ་འགོ་ཁྲིད་རྒྱུ་མཐའ་འཁྱོངས་བྱས་ཏེ་ལས་དོན་སྤེལ་རིང་གི་མངོན་གསལ་དོད་པའི་གནད་དོན་དུས་བཀག་ལྟར་ཞིབ་འཇུག་ཐག་གཅོད་བྱེད་པ་དང་། ནོར་སྲིད་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། རིག་དངོས་ལས་དོན་གྱི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།