ཚེས་6ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་དང་ཨར་ལས་ཚན་པ་དང་ལས་དོན་མི་སྣར་འཚམས་འདྲི་ཡང་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།
ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་གདོང་དཀར་ཡུག་ཁུལ་3པ་དང་ཉང་བྲན་ལུང་ཤུར་ཡུག་ཁུལ་2པར་བློ་བཟང་རྒྱལ་མཚན་གྱིས་སྡོང་ཕྲུག་ལ་གཟིགས་པ་དང་། སྐྱེ་འཚར་མཁྱེན་རྟོགས་གནང་བ། བདག་སྐྱོང་སྐོར་བཀའ་འདྲི་གནང་བ་བཅས་དང་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱི་ལས་ཀའི་སྙན་སེང་ཡང་གསན་པ་རེད། ཁོང་གིས་ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པའི་སྒོ་ནས་ནགས་བཟོ་ཤིང་འཛུགས་དང་ནགས་བཟོ་བྱེད་སྟངས་གཏན་འཁེལ་བྱས་ཏེ་ལྕང་མ་གསོན་ཚད་དང་ནགས་ཚལ་དུ་འགྱུར་ཚད་མཐོ་རུ་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་དགྱེས་ཚོར་ཆེན་པོས་ཚང་མ་དང་ལྷན་དུ་ལྷ་ཀླུ་འདམ་རའི་སྐྱེ་ཁམས་ཉམས་གསོའི་ཁུལ་དུ་སྒྲོན་ཤིང་གཉིས་བཙུགས་གནང་ཞིང་། “ཁྱེད་ཚོ་རྫོང་གང་ནས་ཡོང་བ་ཡིན། གླ་ཆ་གང་འདྲ་འདུག་གམ”ཞེས་བཀའ་འདྲི་གནང་བ་དང་ནགས་བཟོའི་བཟོ་པ་མང་ཆེ་བ་ནི་ལས་ཞུགས་གཞན་སྒྱུར་གྱི་འབྲོག་པ་མང་ཚོགས་ཡིན་པ་མཁྱེན་སྐབས་བློ་བཟང་རྒྱལ་མཚན་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་ང་ཚོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་སྔོ་འགྱུར་དམངས་ཕན་གྱི་འདུ་ཤེས་བརྟན་པོ་བཙུགས་ནས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་དེ་དམངས་སེམས་འདུ་འགོད་དང་འབབ་འཕར་འདུ་འགོད་དུ་དངོས་འབྲེལ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།
བརྟག་ཞིབ་གནང་རིང་། བློ་བཟང་རྒྱལ་མཚན་གྱིས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་གཏོད་པའི་བྱ་ཐབས་གལ་ཆེན་ཞིག མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་སྐྱེ་ཁམས་ཁོར་ཡུག་བཟང་བའི་དགོས་མཁོ་སྐོང་བའི་ནང་གནས་ཀྱི་བླང་བྱ་ཞིག་བཅས་རེད། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་བསམ་བློའི་ངོས་འཛིན་ཟབ་ཏུ་བཏང་ནས་བསམ་བློ་དང་བྱ་སྤྱོད་དེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་དགོས་པ་དང་། བརྒྱུད་རིམ་ལྡན་པའི་བསམ་གཞིག་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་བྱས་འབྲས་ཐོབ་པར་ངས་མི་རྩོད། བྱས་རྗེས་འཇོག་པར་ང་ཡིས་འབད་པའི་ལོ་རྒྱུས་ཀྱི་འགན་འཁྲིར་བརྟེན་ནས་རྒྱུན་སྲིང་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱས་ཏེ་འཆར་གཞི་གཅིག་མཐར་ཕྱིན་པ་འདིང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས། ཞིང་འབྲོག་མང་ཚོགས་དེ་བས་མང་བ་ལྷོ་རི་དང་བྱང་རིའི་སྔོ་འགྱུར་ལས་གྲྭའི་ནང་ཞུགས་རྒྱུའི་སྒྲིག་འཛུགས་བྱས་ཏེ་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས་པ། ཡུལ་བབ་དང་བསྟུན་ནས་ས་ཁོངས་མི་འདྲ་བའི་ས་ཆུའི་རང་བྱུང་ཐོན་ཁུངས་ལ་གཞི་ཚུགས་ཏེ་ཚན་རིག་དང་མཐུན་པའི་འཆར་འགོད་ཡག་པོ་བྱེད་པ་དང་ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་མཐའ་ཚད་ཀྱི་བསམ་བློ་བརྟན་པོ་བཙུགས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ལས་གྲྭ་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་ལྷོ་རི་དང་བྱང་རིའི་སྔོ་འགྱུར་ལས་གྲྭར་བརྟན་པོ་དང་། གོ་རིམ་ལྡན་པ། ཕན་འབྲས་ཆེ་བ་བཅས་ཀྱི་སྒོ་ནས་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པ། ལས་ཀའི་ལམ་སྲོལ་གསར་གཏོད་བྱས་ཏེ་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱེད་པ་དང་སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་པ་ནས་མི་ཚང་མས་སྔོ་ལྗང་འཛུགས་སྐྲུན་དང་། སྔོ་ལྗང་ལ་དགའ་ཞེན། སྔོ་ལྗང་སྲུང་སྐྱོང་བཅས་ཀྱི་ལག་བསྟར་མཁན་དང་སྐུལ་འདེད་མཁན་བརྩོན་ལེན་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་ནས་མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་གཏོད་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་7ཉིན་གནས་ཚུལ་འབྱོར་གསལ། ཚེས་7ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་འབྲས་སྤུངས་དགོན་དུ་བརྟག་ཞིབ་གནང་བ་རེད།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བསོད་ནམས་རིག་འཛིན་མཉམ་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།
འབྲས་སྤུངས་དགོན་དུ། བློ་བཟང་རྒྱལ་མཚན་གྱིས་དགོན་སྡེའི་ལོ་རྒྱུས་དང་། རིག་དངོས་སྲུང་སྐྱོབ། མེ་ཟོན་བདེ་འཇགས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། དགོན་སྡེའི་དགེ་འདུན་པ་དང་། དགོན་སྡོད་ལས་བྱེད་པ། དྲག་ཆས་ཉེན་རྟོག་མེ་ཟོན་དཔོན་དམག་སོགས་ལ་བྱམས་བརྩེའི་འཚམས་འདྲི་ཡང་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་ན་ནིང་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་ཕེབས་ནས་མི་རིགས་ཁག་གི་མང་ཚོགས་ལ་གཟིགས་པ་དང་འབྲེལ་འབྲས་སྤུངས་དགོན་དུ་རྟོག་ཞིབ་ཀྱང་གནང་བ་རེད། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་བསམ་བློའི་ངོས་འཛིན་དང་བྱ་སྤྱོད་དེ་ཆོས་ལུགས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ཐོག་གཅིག་གྱུར་ཡོང་བ་བྱས་ནས། བོད་བརྒྱུད་ནང་བསྟན་གྱི་རྒྱལ་སྐྱོང་འགྲོ་ཕན་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཞེས་གསུངས་པ་རེད།
བརྟག་ཞིབ་གནང་རིང་། བློ་བཟང་རྒྱལ་མཚན་གྱིས་རྒྱ་ཆེའི་གྲྭ་བཙུན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་ཕྱོགས་ཁག་གི་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཁྲོད་ནས“གཏན་འཁེལ་གཉིས”ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་དང་གཙོ་འཛིན་གྱི་གནས་བབ་སེམས་ལ་བརྟན་པོར་ཟུག་པ་བྱེད་དགོས། “ཕན་འདོགས་པ་ལྔའི”ཚད་གཞི་མཐའ་འཁྱོངས་དང“ཚད་གཞི་བཞིའི”བླང་བྱ་ལག་བསྟར་བྱས་ནས་རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣ་དང་རྒྱ་ཆེའི་གྲྭ་བཙུན་རྣམས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས། ནུས་ཤུགས་ཡོད་རྒུས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པར་དམིགས་ཏེ། བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། བོད་ཀྱི་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་གཏིང་ཟབ་བྱེད་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་སྲོལ་ཡིག》དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་དགོས། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། རྒྱ་ཆེའི་གྲྭ་བཙུན་ཚོས་གོ་ཐུབ་པའི་སྐད་ཆ་དང་། ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས། ཞུགས་བདེ་བའི་རྣམ་པ་བཅས་སྤྱད་ནས་སློབ་གསོའི་བྱེད་སྒོ་གཏིང་ཟབ་དང་ཏན་ཏིག་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ་དང་མཐའ་ཚད་ཀྱི་བསམ་བློ་བརྟན་པོ་བཙུགས་ནས་དགོན་སྡེའི་མེ་ཟོན་དང་། རིག་དངོས་སྲུང་སྐྱོང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་ལས་དོན་ཏན་ཏིག་བསྒྲུབ་པ་དང་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱས་ཏེ། རང་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁོར་ཡུག་བཟང་པོ་ཞིག་བཏོད་དེ་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།