ཟླ་5ཚེས་2ནས་4ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་དང་། བདེ་ཞིང་ཤང་། དགུ་ཐང་ཤང་། འབྲས་སྤུངས་ཤང་སོགས་སུ་ཕེབས་ནས་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་དང་། རྣམ་གྲངས་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས། རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་མ་ཟད། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལའང་གཟིགས་པ་རེད།
དགུ་ཐང་ཤང་མཁའ་འགྲོ་སྟེང་གནས་སྤོས་བཀོད་སྒྲིག་ཁུལ་སོགས་སུ་ཁྲེན་ཡུང་ཆིས་མེ་ཏོག་རྫོང་གི་གནས་སྤོས་བཀོད་སྒྲིག་ལས་དོན་སྤེལ་ཚུལ་གསན་པ་དང་། གསར་དུ་བསྐྲུན་པའི་བདེ་སྡོད་ཁང་པར་ཕེབས་ནས་ཁང་པའི་བཀོད་པ་དང་སྒྲིག་ཆས་དང་སྒྲིག་བཀོད་ལ་ནན་ཏན་ངང་གཟིགས་ཏེ། མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། “འདུ་འགོད་ཆེན་པོ་བདུན”ལག་ལེན་ཡག་པོ་བསྟར་བ། ཡུལ་བབ་དང་བསྟུན་པ་དང་། གནད་སྨིན་ཇུས་འགོད། ཞན་ཆ་སེལ་བ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་བྱས་ནས། མཐའ་བརྟན་ནུས་པ་ལྡན་པ་དང་། མཐའ་དར་འདེགས་སྐྱོར་ཡོད་པ། དམངས་ཕྱུག་ཐབས་ལམ་ཡོད་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཧུར་ཐག་གཏོད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་དང་། གཟིགས་སྐྱོང་སྲིད་ཇུས་ཁག་ཡག་པོ་དང་གང་ལེགས་སྤྱོད་པ། ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ། ཐོན་ལས་རྣམ་གྲངས་ཚན་རིག་དང་མཐུན་པའི་ཇུས་འགོད་བྱེད་པ། མཐའ་མཚམས་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུའི་ཆུ་ཚད་བཅས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། མཐའ་མཚམས་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མུ་མཐུད་ལེགས་སུ་གཏོང་བ་བཅས་བྱས་ནས། མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
མེ་ཏོག་རྫོང་གི་ལས་ཤག་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དང་རྫོང་གི་ཆུ་ཐོན་སྐྱེད་གསོ་སྤེལ་རྟེན་གཞི་དང་ལྷ་གོང་ཇ་ར་སོགས་སུ་རྣམ་གྲངས་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ལ་བརྟག་ཞིབ་གནང་སྐབས། ཁྲེན་ཡུང་ཆིས་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་དང་། གོ་སྐབས་དམ་འཛིན། ཨར་སྐྲུན་མགྱོགས་མྱུར་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་བཅས་བྱས་ནས། རྣམ་གྲངས་འཛུགས་སྐྲུན་སྤུས་འབོར་གཉིས་ལྡན་དང་བདེ་འཇགས་དང་གོ་རིམ་ལྡན་པར་སྐུལ་འདེད་གཏོང་རྒྱུ་འགན་ལེན་བྱས་ཏེ། ནུས་ལྡན་མ་འཇོག་གིས་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས། ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁྱད་ལྡན་ཞིང་ལས་དང་རིག་གནས་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། སྤུས་རྟགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། དྲིལ་བསྒྲགས་དང་འོས་སྦྱོར་ཧུར་ཐག་བྱེད་པ། མེ་ཏོག་གི་ཇ་དང་མཐའ་མཚམས་ཡུལ་སྐོར་སོགས་ཀྱི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། ཐོན་ཁུངས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་ཏན་ཏིག་བསྒྱུར་བ། མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བཅས་བྱས་ནས། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཁྲེན་ཡུང་ཆིས་ད་དུང་མེ་ཏོག་རྫོང་མི་དམངས་སྨན་ཁང་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་སྐབས། སྤྱིའི་ཐབས་ཇུས་དང་སྤྱིའི་མཛད་ཕྱོགས་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་ཀྱིས། “ཕྱི་ནས་འགོ་རྒྱུ་སྔོན་འགོག”བྱ་རྒྱུ་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་དང་། དགོངས་སྐོར་སྙན་སེང་ལམ་ལུགས་དོན་འཁྱོལ་ཡག་པོ་བྱེད་པ། ཞིབ་བཤེར་ས་ཚིགས་དང་ཕྱིར་སྐྱོད་ཀྱི་ལ་ཁ་སོགས་འགག་སྒོ་སྣ་ཚོགས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཕྱི་ནས་འགོ་བའི་ཉེན་ཁ་སྔོན་འགོག་ནན་པོ་བྱེད་དགོས་ཞེས་གསུངས་པ་རེད།