རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མངགས་བཅོལ་གཞིར་བཟུང་། ཚེས་5ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་2022ལོའི་བོད་སྡོད་ཀྲུང་དབྱང་སྨྱན་སྦྱོར་ལས་དོན་གྱི་བརྡ་གཏོང་ཚོགས་འདུ་ཐེངས་དང་པོ་གཙོ་སྦྱོང་གནང་ནས། 2021ལོའི་ལོ་འཁོར་གྱི་བོད་སྡོད་ཀྲུང་དབྱང་སྨྱན་སྦྱོར་གྱིས་བོད་ཀྱི་གནས་ཚུལ་དྲིལ་བསྒྲགས་འཕྲིན་སྤེལ་ལས་དོན་སྤེལ་ཚུལ་དང་ལྗོངས་ཡོངས་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྤེལ་ཚུལ་བརྡ་ཁྱབ་བཏང་བ་དང་། ཀྲུང་དབྱང་དང་ས་གནས་སྨྱན་སྦྱོར་མཉམ་ལས་དམ་ཟབ་བྱེད་པའི་ལམ་སྲོལ་ལ་གྲོས་བསྡུར་བྱས་ནས་དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་མཉམ་དུ་ཡག་པོ་བརྗོད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་ཆེད་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་བཏོད་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ཟླ་བ་ཚེ་རིང་ཚོགས་འདུར་ཞུགས་པ་མ་ཟད། འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་ཀྱང་བཏང་བ་རེད།
ཚོགས་འདུའི་ཐོག་བོད་སྡོད་ཀྲུང་དབྱང་སྨྱན་སྦྱོར་ཁག་གིས་ཉེ་དུས་ཀྱི་ལས་ཀའི་གཙོ་དོན་ངོ་སྤྲོད་བྱས་པ་མ་ཟད། “དོན་ཆེན་བཞིར”དམ་འཛིན་ཡག་པོ་དང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བར་དམིགས་པ་དང་། ལྷག་པར་དུ་ལྗོངས་ཡོངས་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གྱི་དྲིལ་བསྒྲགས་འཕྲིན་སྤེལ་སྐོར་གཏམ་བཤད་བྱས་པ་དང་འབྲེལ། བོད་ཀྱི་གསར་འགྱུར་དྲིལ་བསྒྲགས་ལས་དོན་སྔར་བས་ཡག་པོ་སྒྲུབ་པར་བསམ་འཆར་དང་གྲོས་འགོ་ཡང་བཏོན་པ་རེད།
ཀྲོང་ཡན་གྱིས་གཏམ་བཤད་ནན་ཏན་ངང་གསན་རྗེས། དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས་བོད་སྡོད་ཀྲུང་དབྱང་སྨྱན་སྦྱོར་ཁག་གིས་བོད་ཀྱི་དྲིལ་བསྒྲགས་ལས་དོན་ལ་ཕུལ་བའི་ལེགས་སྐྱེས་ལ་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་འདི་ལོ་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུ་ཡིན་པ་མ་ཟད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་འཛུགས་ལོ་ཡང་རེད། ཚང་མས་ཐོག་མཐའ་བར་གསུམ་དུ་ཏང་གི་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་དང་འཆད་འགྲེལ་གཏིང་ཟབ་བྱེད་པ། ལྗོངས་ཡོངས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་དང་ཕན་འབྲས་དངོས་དྲིལ་བསྒྲགས་ཤུགས་ཆེན་བཅས་བྱས་ཏེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས“གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་ཁྲིད་སྟོན་བྱེད་དགོས། ས་གནས་ཀྱི་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་ཞབས་འདེགས་ཞུས་ནས་བོད་ཀྱི“དོན་ཆེན་བཞི”དང་དེ་བས་རང་འགུལ་ངང་མཉམ་འདྲེས་དང་། མཐུན་སྒྲིལ་དང་། བརྟན་ལྷིང་། ངར་ཤུགས་བཅས་མཐའ་འཁྱོངས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་དང་། གཙོ་གནད་ལས་དོན། གཞི་རིམ་གྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་དུས་རབས་གསར་པ་དང་བོད་ལྗོངས་གསར་པའི་རྣམ་པ་གསར་པ་མངོན་པར་བྱེད་དགོས། བོད་དང་འབྲེལ་བ་ཡོད་པའི་གླེང་ཕྱོགས་འཐབ་རྩོད་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པར་ཐོག་མཐའ་བར་གསུམ་དུ་ཞབས་འདེགས་ཞུས་ནས། དུས་ཐོག་ཏུ་གསར་འགྱུར་སྤེལ་བ་དང་དབང་གྲགས་ལྡན་པའི་གསར་འགྱུར་སྤེལ་ནས་སྐད་ཆ་ཤོད་དབང་སྟངས་འཛིན་ནན་པོ་བྱེད་དགོས། མི་དམངས་ཀྱི་ལངས་ཕྱོགས་ཐོག་མཐའ་བར་གསུམ་དུ་བརྟན་པོ་འཛུགས་པ་དང་དྲང་སྲུང་གསར་གཏོད་མཐའ་འཁྱོངས་བྱས་ཏེ། ཏང་གི་གསུང་སྒྲ་དྲིལ་བསྒྲགས་རྒྱ་ཁྱབ་དང་གཏིང་ཟབ་བྱེད་པ་དང་། དྲང་ནུས་དེ་བས་ངར་ཤུགས་ལྡན་པ་དང་བརྗོད་དོན་གཙོ་བོའི་ཉམས་འགྱུར་དེ་བས་འཕེལ་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།