རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཚེས་1ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་ལྷ་ས་དང་ལྷོ་ཁར་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་སྐྱེ་ཁམས་བཅོས་སྐྱོང་རྣམ་གྲངས་དང་ཡར་ཀླུང་གཙང་པོའི་ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།
ཆུ་ཤུར་རྫོང་ཆུ་ཤུར་གྲོང་ཚོའི་ཡུག་ཁུལ་དང་གོང་དཀར་རྫོང་སྐྱིད་ནགས་ཡུག་ཁུལ་གྱི་སྐྱེ་ཁམས་བཅོས་སྐྱོང་རྣམ་གྲངས་ས་ཚིགས་ཀྱི་ཤིང་འཛུགས་ནགས་བཟོའི་ལས་གྲྭའི་ལས་ཡུལ་དུ་མི་རྣམས་ཀྱིས་ལྕང་ཁུང་འདྲུ་བ་དང་ལྕང་སོན་འདེབས་པ། ལྕང་ཆུ་གཏོང་བ་བཅས་ཀྱི་ལས་ལ་བྲེལ་བཞིན་ཡོད། མདུན་ཕྱོགས་ཀྱི་རི་ལྡེབས་སུ་ལྕང་སོན་སྔོ་ཐིང་ངེར་གནས་ནས་ས་གཞི་སྔོ་ལྗང་གིས་བརྒྱན་ཡོད། ཀྲོང་ཡན་གྱིས་སྔོ་ལྗང་གི་རྒྱ་ཁྱོན་དང་། ལྕང་སོན་གྱི་སྣ་ཁ། དུས་མཇུག་གཡོག་བྱེད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཤིང་འཛུགས་ནགས་བཟོ་བྱེད་པ་དེས་བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་སྐལ་བརྒྱར་ཐོན་པ་ཞིག་ཡིན། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་ཤུགས་ཆེན་སྤེལ་ནས་ཚན་རིག་དང་མཐུན་པའི་ངང་ནགས་བཟོའི་ལས་དོན་སྤེལ་རྒྱུ་མཐའ་འཁྱོངས་དང་། གནད་སྨིན་ངང་ལྕང་སོན་འདེམས་པ། དུས་མཇུག་གཡོག་བྱེད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལྗོན་ཤིང་མང་ཙམ་འདེབས་པ་དང་། ལྗོན་ཤིང་ཡག་པོ་འདེབས་པ། ལྗོན་ཤིང་ལ་གཡོག་བྱེད་ཡག་པོ་བཅས་བྱེད་དགོས། ཤིང་འཛུགས་ནགས་བཟོའི་ཡུག་ཁུལ་འགན་གཙང་ལེན་པའི་དྲ་མིག་ཅན་གྱི་དོ་དམ་ལག་བསྟར་བྱས་ནས་སྔོ་འགྱུར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ“ལྗང་མདོག་གི་ལྕགས་རི”བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད།
ཡར་ཀླུང་གཙང་པོའི་སྟོད་རྒྱུད་དང་དབུས་རྒྱུད་ཀྱི་སྐྱེ་ཁམས་སླར་གསོ་དང་སྲུང་སྐྱོང་ཕྱོགས་བསྡུས་བཅོས་སྐྱོང་འཆར་འགོད་སྒྲིག་བཟོའི་གནས་ཚུལ་དང་ཡར་ཀླུང་གཙང་པོའི་ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་སྐབས། ཀྲོང་ཡན་གྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་ཆུའི་ཐོན་ཁུངས་ལེགས་བསྡུས་ཞིབ་གཉེར་དང་གྲོན་ཆུང་ངང་སྤྱོད་པ་དང་། ཆུ་རྩ་གསོ་ཁུལ་དང་ཆུ་དང་མཚོའི་སྐྱེ་ཁམས་སླར་གསོ། བྱེ་འགོག་བྱེ་བཅོས་ཀྱི་མ་ལག་འཛུགས་སྐྱོང་སོགས་ཀྱི་ལས་འགན་གལ་ཆེན་ལ་དམ་འཛིན་ནན་པོ་བྱས་ནས། ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་ཁོར་ཡུག་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རིམ་ལྔའི་ཆུ་དཔོན་གྱི་འགན་འཁྲི་གཙང་སྒྲུབ་ལ་ཤུགས་སྣོན་བརྒྱབ་ནས་ལས་འགན་ཁག་ལས་གནས་དང་མི་ཐོག་ཏུ་དོན་འཁྱོལ་བྱས་ཏེ། ལས་དོན་ཁག་གསལ་ཐོ་ཅན་གྱི་དོ་དམ་དང་། དུས་མཚམས་ཅན་གྱི་སྐུལ་འདེད། གནད་སྨིན་ཅན་གྱི་དོན་འཁྱོལ་བཅས་ལ་སྐུལ་འདེད་གཏོང་དགོས། མཐའ་ཚད་སྲུང་བ་དང་ཉེན་ཁ་སྔོན་འགོག་བྱས་ནས“ཟང་ཟིང་བཞི་གཙང་སེལ་བྱེད་པའི”ཆེད་དོན་བཅོས་སྒྲིག་ལ་ཕྱོགས་ཡོངས་ནས་དམ་འཛིན་བྱས་ཏེ་ཆུ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་དོགས་ཟོན་ནུས་ལྡན་དང་ཁྲིམས་ལྟར་རྡུང་རྡེག་བཏང་སྟེ། ཡར་ཀླུང་གཙང་པོ་དོ་དམ་སྲུང་སྐྱོང་ལས་དོན་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་དུས་བཀག་ལྟར་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དང་དེ་བཞིན་ཁྲིམས་འཛིན་མི་སྣ་གསོ་སྦྱོང་བྱས་ནས་དཔྱད་བསྡུར་ལམ་སྲོལ་དང་ལྕག་སྐུལ་སྲིད་ཇུས་ཡག་པོ་སྤྱད་དེ། མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་རྣམ་པ་བཟང་པོ་གཏོད་དགོས་པའི་ནན་བཤད་གནང་བ་རེད།