དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་དཔའ་ཤོད་རྫོང་གི་རྫོང་དང་ཤང་གྲོང་ཚོ་བཅས་རིམ་གསུམ་འབྲེལ་གཏུག་ས་ཚིགས་སུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-04

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང། ཟླ་4ཚེས་30ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་གི་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་འབྲེལ་གཏུག་ས་ཚིགས་སུ་ཕེབས་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། ཏང་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

    ད་ཕན་ལོ་ཤས་རིང་། སྤོམ་མདའ་གྲོང་རྡལ་མངགས་གཏོང་ཁང་གིས་མི་དམངས་ཉེན་རྟོག་པ་གྲོང་ཚོ་དང་དུད་ཚང་དུ་བཏང་ནས་གནད་དོན་དངོས་ཐག་གཅོད་བྱས་པར་བརྟེན་མང་ཚོགས་ཀྱི་གདེང་འཇོག་རྒྱ་ཁྱབ་ཐོབ་ཡོད། ཀྲོང་ཡན་གྱིས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ནི་རྨང་གཞི་ཡིན་པ་དང་འགག་རྩ་ནི་རྒྱུན་གཏན་ཡོང་བ་བྱ་རྒྱུ་དེ་ཡིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་བརྟན་ལྷིང་སྲུང་སྐྱོང་གི་བདེ་འཇགས་ལས་དོན་རང་རྟོགས་ངང་ཡག་པོ་བསྒྲུབ་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ཡིན་པས། ཉེན་བརྡ་ཡུན་རིང་གཏོང་བ་དང་རྒྱུན་དུ་དོགས་ཟོན་བྱེད་པ་མཐའ་འཁྱོངས་དང་། ཚན་རིག་ཅན་དང་། ཁྲིམས་སྐྱོང་ཅན། ཞིབ་ཚགས་ཅན། རྒྱུན་རྣམ་ཅན་བཅས་ཀྱི་བརྟན་ལྷིང་སྲུང་སྐྱོང་ཀྱི་ལས་དོན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་འཛིན་ནན་པོ་དང་། ཁྲིམས་འཛིན་ཚད་ལྡན། ཁྲིམས་འཛིན་གཞུང་དྲང་། ཡ་རབས་ངང་ཁྲིམས་འཛིན་བཅས་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བཅས་བྱས་ནས་སྤྱི་ཚོགས་དུས་བབ་ཞི་མཐུན་བརྟན་ལྷིང་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།

    ཀྲོང་ཡན་གླ་སྐེ་ཤང་ཝ་དག་གྲོང་ཚོའི་ཞིང་འབྲོག་པའི་སྟར་སྣུམ་ལས་སྣོན་ཆེད་ལས་མཉམ་ལས་ཁང་དང་པད་མ་གྲོང་རྡལ་ས་དམར་གྲོང་ཚོའི་དཔལ་འབྱོར་ནགས་ཤིང་འདེབས་འཛུགས་ས་ཚིགས་སུ་ཕེབས་ནས་ཐོན་སྐྱེད་གཉེར་སྐྱོང་དང་ལས་ཞུགས་ལ་སྣེ་ཁྲིད་བྱེད་ཚུལ་སོགས་མཁྱེན་རྟོགས་ཞིབ་ཕྲ་དང་། ཞིང་ནང་དང་མུ་ཁར་ཕེབས་ནས་འབྲུ་དང་པད་ཁ་སོགས་ཀྱི་སྐྱེ་འཚར་ལ་གཟིགས་ཞིབ་གནང་བ་མ་ཟད། ཞིང་པའི་ཏང་ཡོན་ཉི་མ་ཚེ་རིང་གི་ཁྱིམ་དུ་ཕེབས་ནས་འཚོ་བའི་གནས་ཚུལ་བཀའ་འདྲི་དང་ས་དམར་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་འཆར་གཞི་ཡང་གླེང་གནང་བ་རེད། ཚང་མ་སྙིང་སྟོབས་རབ་ཏུ་འཕེལ་ཞིང་ངར་ཤུགས་ཀྱིས་ཁེངས་པ་གཟིགས་སྐབས་ཁོང་ཐུགས་མགུ་པོ་བྱུང་ནས་ཁྱེད་ཚོས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་གྲོང་གསེབ་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་བཅས་ཀྱི་གཙོ་གནད་ལས་དོན་གཏིང་ཟབ་སྤེལ་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནན་ཏན་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་སྐུལ་ལྕག་གནང་བ་རེད། བརྟག་ཞིབ་གནང་རིང་། ཀྲོང་ཡན་གྱིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དང་ནགས་ཚལ་ཞིབ་བཤེར་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་དང་ནགས་དཔོན་ལམ་ལུགས་ལས་དོན་གྱི་གནས་ཚུལ་ལ་གཙོ་གནད་ཐོག་རྟོག་ཞིབ་གནང་སྟེ། སྐྱེ་ཁམས་སྔོན་འགྲོ་དང་སྲུང་སྐྱོང་ཨང་དང་པོར་འཇོག་པ་མཐའ་འཁྱོངས་དང་། “འཕྲལ་མར་དག་ཐེར”དང“ཡུན་རིང་འཛུགས་སྐྱོང”ཟུང་འབྲེལ་མཐའ་འཁྱོངས། ཁྲིམས་བཞིན་ནགས་ཚལ་དང་རྩྭ་ཐང་སོགས་སྐྱེ་ཁམས་ཁོར་ཡུག་གི་ཐོན་ཁུངས་སྲུང་སྐྱོང་དང་སླར་གསོའི་ལས་དོན་མགྱོགས་མྱུར་སྤེལ་བ། ཚད་གཞི་མཐོ་བ་དང་། སྤུས་ཚད་མཐོ་བ། ལས་ཆོད་ཆེ་བ་བཅས་ཀྱི་སྒོ་ནས་ཚུར་ལན་གནད་དོན་དག་ཐེར་ལ་ལྟ་བཤེར་བྱེད་པར་སྐུལ་འདེད་བཏང་ནས། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

    རྫོང་ཨུད་དང་རྫོང་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་བཞུགས་མོལ་གནང་སྐབས། ཀྲོང་ཡན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་བ་དང་དེར་ཞབས་འདེགས་ཞུ་བའི་གཙོ་རྐང་ལ་དམ་པོར་དམིགས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་དང་། བརྟན་ལྷིང་སྲུང་སྐྱོང་དང་། གྲོང་གསེབ་དར་རྒྱས། དམངས་གཙོ་འགན་ལེན། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སོགས་ཀྱི་ལས་དོན་ཁག་ཏན་ཏིག་དང་ཞིབ་ཚགས་སྒྲུབ་པ། ཐོག་མཐའ་བར་གསུམ་དུ་ནན་པའི་རྩ་བའི་དགོངས་གཞིར་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས། ཏང་ཡོན་ལས་བྱེད་པའི་ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ཀྱི་སློབ་གསོར་མུ་མཐུད་ཤུགས་སྣོན་རྒྱག་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་གཏིང་ཟབ་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།

    ཀྲོང་ཡན་གྱིས་ད་དུང་གནས་རྭ་དགོན་གྱི་དགོན་སྡེ་དོ་དམ་ལས་དོན་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཚུལ་ལ་བརྟག་ཞིབ་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།