ཟླ་4ཚེས་29ཉིན་གྱི་ཕྱི་དྲོ། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཚོགས་འདུ་དང་ཟོག་འགྲེམས་ཤར་བགྲོད་འགན་ལེན་ལས་དོན་གྱི་ཆེད་དོན་ཚོགས་འདུ་བརྙན་ལམ་རྣམ་པའི་ཐོག་ནས་ལྷ་སར་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད།
ཁྲེན་ཡུང་ཆིས་གསུངས་དོན། “སྤྱིའི་འཐབ་ཇུས”དང“སྤྱིའི་མཛད་ཕྱོགས”བློ་བརྟན་འགྱུར་མེད་ངང་ལག་བསྟར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི་འདུ་ཤེས་མཐའ་འཁྱོངས། དངོས་སྒྲུབ་ཀྱི་བསམ་བློ་དང་། ཚན་རིག་དང་མཐུན་པའི་བྱེད་ཐབས། ཞིབ་ཅིང་ཕྲ་བའི་ལས་དོན་བཅས་ལ་བརྟེན་ནས།རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པར་སྤྱི་འདོམས་བྱེད་དགོས། རྒྱུན་སྲིང་ལྷོད་མེད་ངང་ཕྱི་ནས་འགོ་བའི་འགག་སྒོ་ཡག་པོ་སྲུང་དགོས། བོད་སྐྱོད་དགོངས་སྐོར་སྙན་སེང་དང་། དཔྱད་བཤེར། ཚ་བ་ལྟ་བ། རྟགས་བཤེར་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ་དང་། མཐའ་མཚམས་འགག་སྒོའི་ཕྱིར་སྐྱོད་ལ་ཁའི་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། གནམ་ཐང་དང་། མེ་འཁོར་བབས་ཚུགས། སྐམ་སའི་ཞིབ་བཤེར་ས་ཚིགས་སོགས་འགག་སྒོ་སྣ་ཚོགས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། སྔོན་སྣེ་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་བཅས་བྱས་ནས། རིམས་ནད་འགོ་བའི་ཉེན་ཁ་སྔོན་འགོག་ནན་པོ་བྱེད་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་གྱི་འགོ་མཇུག་གཟབ་འཁྱོངས་བྱེད་དགོས། ཟོག་འགྲེམས་ཤར་བགྲོད་འགན་ལེན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། ལམ་སྲོལ་དང་ཆེད་སྒྲུབ་ཚོགས་ཆུང་གི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ། “འགོག་པ་གཅིག་དང་ཤར་གཏོང་གསུམ”གྱི་བླང་བྱ་དོན་འཁྱོལ་ནན་པོ་བཅས་བྱས་ནས། འགྲོ་ལམ་རྒྱུན་མཐུད་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་དགོས། “འགོག་རྫས་དབྱེ་བཤེར+སྙིང་སྐྱུར་བརྟག་དཔྱད”ཀྱི་ལྟ་ཞིབ་ཚད་ལེན་བྱེད་སྟངས་ཁྱབ་གདལ་གཏོང་བ་དང་རེ་ཞུའི་ཐབས་ལམ་ཤར་གཏོང་ཐུབ་པ་བྱས་ནས། ཟོག་འདྲེན་ཁ་ལོ་བའི་དོ་དམ་ཞབས་ཞུ་ཚན་རིག་དང་གནད་སྨིན་ངང་ཡག་པོ་སྒྲུབ་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་བརྟན་པོ་འགྲོ་བར་སྐུལ་འདེད་བཏང་སྟེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།