ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་རང་སྐྱོང་ལྗོངས་ནོར་སྲིད་ཐིང་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས་པ་མ་ཟད། རང་སྐྱོང་ལྗོངས་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ནོར་སྲིད་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་ཞབས་འདེགས་ཡག་པོ་ཞུ་བ་དང་འགན་ལེན་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་མཉམ་དུ་བརྟག་ཞིབ་ལ་ཕེབས་པ་རེད།
སྲིད་ཇུས་ཁྲིམས་སྲོལ་ཁྲུའུ་དང་། ཞིང་ལས་གྲོང་གསེབ་ཁྲུའུ། སྔོན་རྩིས་ཁྲུའུ་བཅས་སུ་ཡན་ཅིན་ཧའེ་ཡིས་འཐབ་ཕྱོགས་དང་པོའི་ལས་བྱེད་ལས་བཟོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་སྟེ། ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ལག་བསྟར་བྱེད་ཚུལ་དང་། “ཞིང་གསུམ”ཐད་གྲོན་དངུལ་བཏང་བའི་ལས་རྗེས། གཏོང་ཡོང་སྔོན་རྩིས་དོ་དམ། ནོར་སྲིད་ཕྱོགས་བསྡུས་སྒྱུར་བཅོས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས། ནོར་སྲིད་ནི་རྒྱལ་སྲིད་སྐྱོང་བའི་རྨང་གཞི་གལ་ཆེན་རེད། བོད་ཀྱི་ནོར་སྲིད་ཀྱི་གཏོང་སྒོ་གཙོ་བོ་ཀྲུང་དབྱང་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་ལས་བྱུང་བ་ཞིག་ཡིན་ཞིང་། དངུལ་སྐར་མ་གཅིག་ཡིན་ཡང་ལས་སླ་པོར་བྱུང་བ་ཞིག་མིན། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ནོར་སྲིད་ཐིང་དུ་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ། དངུལ་སྐར་མ་གཅིག་ཡིན་ཡང་མཁོ་ཆེ་སར་སྤྱད་ནས་ནོར་སྲིད་ལས་དོན་ནུས་ཤུགས་ཡོད་རྒུས་དེ་བས་ཡག་པོ་སྒྲུབ་དགོས་ཞེས་གསུངས་པ་རེད།
བཞུགས་མོལ་ཚོགས་འདུའི་ཐོག་ཡན་ཅིན་ཧའེ་ཡིས་རང་ལྗོངས་ཀྱི་ནོར་སྲིད་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་རང་ལྗོངས་ཀྱི་ནོར་སྲིད་ལས་དོན་ཡག་པོ་སྒྲུབ་པར་ནོར་དོན་དོ་དམ་ལ་གཞི་འཛིན་སའི་སྒྲིག་ཡིག་ཡོད་པ་དང་། རྒྱུ་ནོར་སྤྱོད་པ་གོ་ཆོད་པ། རྒྱུ་ནོར་འཕེལ་བར་ཤུགས་རྒྱག་པ་མ་ཟད། ནོར་སྲིད་གཏོང་སྒོའི་ལས་རྗེས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་མ་དངུལ་བཏང་ཕྱིན་ཕན་འབྲས་ཐོན་ཡོད་མེད་ངེས་པར་རྩད་གཅོད་པ་དང་ཕན་འབྲས་ཐོན་མེད་པའི་རིགས་ལ་འགན་འཁྲི་ངེས་པར་དུ་རྩད་ཆོད་ཐུབ་པ་བྱེད་དགོས། མཐའ་ཚད་དང་བདེ་འཇགས་སྲུང་དགོས་ཤིང་། ཀྲུང་དབྱང་གི་འཐབ་ཇུས་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག ལྗོངས་ཏང་ཨུད་ཀྱི་བླང་བྱ་བཅས་གཞིར་བཟུང་། “གཞི་རྩའི་དམངས་འཚོ་འགན་ལེན་དང་། གླ་ཆ་འགན་ལེན། འཁོར་རྒྱུག་འགན་ལེན”བཅས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་སྲུང་བ་དང་། དམངས་འཚོ་འགན་ལེན་ཐད་གཞི་རྩ་འགན་ལེན་དང་ཁྱབ་རྒྱ་ཆེན་པོ་ཡོང་བར་བྱེད་པ། གང་ཐུབ་ཅི་ཐུབ་དང་ནུས་པས་གང་ལྕོགས་བྱེད་པ་ལས་མཐོ་འདོད་ཆེན་པོ་དང་རེ་བ་མཐོན་པོ་འཆང་མི་རུང་། འཕར་ཚད་ཚོད་འཛིན་དང་གསོག་འབོར་ནང་འཇུ་ཐུབ་པར་བྱེད་པ་ལས་མངོན་མེད་ཀྱི་བུ་ལོན་གསར་པ་རྩ་བ་ནས་མ་ཟུག་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཡན་ཅིན་ཧའེ་ཡིས་མཇུག་ཏུ་ལྗོངས་ཡོངས་ཀྱི་ནོར་སྲིད་ཁོངས་གཏོགས་ལ་དྲིན་ཚོར་གྱི་བསམ་པ་རྒྱུན་དུ་འཆང་བ་དང་། སྒྲིག་ལམ་ནན་པོ་དང་སྤྱོད་ཚུལ་ནན་པོ་རང་རྟོགས་ངང་སྲུང་བ། འཚོ་བ་སྐྱེལ་མཁས་པོ་བྱེད་པའི་བསམ་བློ་བརྟན་པོ་འཛུགས་པ་བཅས་བྱས་ཏེ། རྩ་ཆེའི་མ་དངུལ་བེད་སྤྱོད་ཡག་པོ་གཏོང་བ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་གཅེས་སེམས་ཟབ་མོ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་རེ་བ་བཅས་ཆུད་ཟོས་སུ་གཏོང་མི་རུང་བའི་ནན་བཤད་གནང་བ་རེད།