དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-03

    ◆ ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཁྲིམས་ལྟར་བོད་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་འགན་ལེན་བརྟན་པོ་བྱེད་དགོས།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ཨུ་ལྷན་གྱིས་2022ལོའི་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་ཞིང་། ཁོང་གིས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཁྲིམས་ལྟར་རྒྱལ་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་དང་། ཁྲིམས་ལྟར་བོད་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་འགན་ལེན་བརྟན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་དང་། ཡན་ཅིན་ཧའེ། ཀྲོང་ཡན། ལིའུ་ཅང་། ཝང་ཝུའེ་ཏུང་། དབང་ཧའེ་ཀྲོའུ། ཟླ་བ་ཚེ་རིང་སོགས་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག《རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ཨུ་ལྷན་གྱི་2022ལོའི་ལས་ཀའི་གཙོ་གནད》དང《དུས་རབས་གསར་པའི་བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་སྐྱོང་ཤེས་ལྡན་མི་སྣ་གསོ་སྐྱོང་ཇུས་གཞིར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། 2021ལོའི་ལྗོངས་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱས་ཚུལ་གྱི་སྙན་སེང་གསན་པ། འདི་ལོའི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    ས་ཁུལ་ཁག་དང་གྲོང་ཁྱེར་ཁག་གི་ཁྲིམས་ལུགས་ལས་འགན་བསྒྲུབས་ཚུལ་གྱི་ལས་དོན་སྙན་སེང་གསན་རྗེས། ཝང་ཅུན་ཀྲེང་གིས། 2021ལོར་ས་ཁུལ་ཁག་དང་གྲོང་ཁྱེར་ཁག་གི་ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོས་ཁྲིམས་སྐྱོང་འཛུགས་སྐྱོང་ཁྱབ་གདལ་གཏོང་བའི་འགན་འཁྲི་བ་ཨང་དང་པོའི་ལས་འགན་ནན་ཏན་ངང་སྒྲུབ་པ་དང་། ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། ཁྲིམས་འཛུགས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། ཁྲིམས་སྐྱོང་གི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སྲིད་ཁྲིམས་སྒྱུར་བཅོས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་གི་སྤྱི་ཡོངས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལག་བསྟར་བྱེད་དོན་གང་ཡིན་པ་དང་། ཁྲིམས་ལྟར་རྒྱལ་སྐྱོང་ལག་བསྟར་ཇི་ལྟར་བྱེད་པ་སོགས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་ལན་བརྒྱབ་སྟེ། ང་ཚོས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་ཇུས་གཞི་ཆེ་མོ་དོན་འཁྱོལ་བྱེད་པ་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་གི་འཕེལ་རིམ་མགྱོགས་སུ་གཏོང་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱས་ཏེ་རང་རྟོགས་ངང་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་བཞག་སྟེ་ཞིབ་འཇུག་བསམ་གཞིག་དང་འཆར་འགོད་སྐུལ་འདེད་གཏོང་བ་དང་ཁྲིམས་ལྟར་བོད་སྐྱོང་དང་། ཁྲིམས་ལྟར་སྲིད་སྐྱོང། ཁྲིམས་ལྟར་སྲིད་འཛིན་བཅས་ལ་དུས་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཁར་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པར་སྐུལ་འདེད་གཏོང་དགོས།

    བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་ལ་ཤུགས་སྣོན་བརྒྱབ་ནས་རྩ་ཁྲིམས་ལྟེ་བར་འཛིན་པའི་བཅའ་ཁྲིམས་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོའི་སློབ་གསོའི་བྱེད་སྒོ་སྤེལ་བའི་གོ་སྐབས་དང་བསྟུན་ནས་ལས་བྱེད་པ་དང་མང་ཚོགས་ལ་རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། བཅའ་ཁྲིམས་ཀྱི་གཏན་འབེབས་ལག་བསྟར་ནན་པོ་བྱེད་པའི་ཁྲིད་སྟོན་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་སྐྱོང་དགོས་མཁོ་སྔར་བས་སྐོང་དགོས། “ལོ་ལྔ་ཚན་བརྒྱད་པའི”ཁྲིམས་ལུགས་ཁྱབ་གདལ་ལས་དོན་ཏན་ཏིག་སྤེལ་ནས་ཚོགས་སྤྱི་དང་། ཁྱབ་ཁོངས། རིམ་པ་བཅས་མི་འདྲ་བར་དམིགས་ཏེ་བྱ་ཐབས་གསར་གཏོད་དང་གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་ནས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་དང་གོ་ཐུབ་པའི་སྐད་ཆའི་ཐོག་ནས་ཁྲིམས་ལུགས་ཁྱབ་གདལ་བཏང་སྟེ་གཞི་རིམ་དང་མང་ཚོགས་ཁྲོད་དུ་ཁྲིམས་སྐྱོང་དངོས་སུ་ཁྱབ་གདལ་ཐུབ་པ་བྱས་ནས་སྤྱི་ཚོགས་ཡོངས་སུ་རང་རྟོགས་ངང་ཁྲིམས་སྲུང་བ་དང་། ཁྲིམས་བཞིན་ལས་དོན་སྒྲུབ་པ། གནས་ཚུལ་འཕྲད་སྐབས་ཁྲིམས་སྤྱོད་པ། དོན་དག་ཐག་གཅོད་བྱེད་སྐབས་ཁྲིམས་སྤྱོད་པ་བཅས་ཀྱི་གོམས་སྲོལ་བཟང་པོ་ཞིག་ཆགས་པར་བྱེད་དགོས།

    “དོན་ཆེན་བཞི”དང“འགན་ལེན་བཞིར”དམ་པོར་དམིགས་ནས་ཁྲིམས་སྐྱོང་གི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱས་ཏེ“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”རམ་འདེགས་བྱེད་དགོས་ཤིང་། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་ཀྱིས་རྒྱུན་སྲིང་ལྷོད་མེད་ངང་བརྟན་ལྷིང་གི་ལས་དོན་ཡག་པོ་སྒྲུབ་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་འཛིན་པ། ཆོས་ལུགས་ལས་དོན་དང་མི་རིགས་ལས་དོན་གྱི་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བ། ཁྲིམས་མཐུན་སྲུང་སྐྱོང་དང་། ཁྲིམས་འགལ་བཀག་འགོག ཐལ་ཆེ་བཀག་འགོག སིམ་འཛུལ་བཀག་འགོག ཉེས་གསོག་ལ་རྡུང་རྡེག་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ངང་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། བདག་དབང་སྲུང་སྐྱོང་ལམ་ལུགས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་དང་ཁྲོམ་རའི་ལྟ་འདོམས་ལ་ཁྲིམས་ལྟར་ཤུགས་སྣོན་དང་ལེགས་སུ་བཏང་སྟེ“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་དང་ཚོང་དོན་ལམ་ལུགས་སྒྱུར་བཅོས་བྱེད་མགྱོགས་སུ་གཏོང་བ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ཧུར་ཐག་བསྐྲུན་པ་བཅས་བྱས་ཏེ། ཁྲིམས་སྐྱོང་ལ་བརྟེན་ནས་ཁྲོམ་རའི་དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་གཡས་གཞོགས་གཡོན་འདེགས་བྱེད་དགོས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་གནས་བབ་དེ་བས་གལ་ཆེན་ཐོག་བཞག་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པའི་སྲོལ་ཡིག་དང་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་སོགས་ལག་བསྟར་གཏིང་ཟབ་བྱས་ཏེ། ཁོར་ཡུག་སྲུང་སྐྱོང་ལ་ཁྲིམས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ས་མཐོའི་སྲོག་ཆགས་དང་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱེད་དགོས། གཞི་རིམ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དང་། མི་དམངས་ཀྱི་ཁྲིམས་ར། མངགས་གཏོང་ཞིབ་དཔྱོད་ཁང་། ཁྲིམས་འཛིན་ཁང་བཅས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་བདེ་འཇགས་སྲུང་ཡོལ་གྱི་འགོག་སྲུང་འཛིང་རགས་དང་པོ་བརྟན་དུ་གཏོང་དགོས།

    ཝང་ཅུན་ཀྲེང་གིས། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་མཉམ་ལས་དམ་ཟབ་བྱས་ནས་ཕྱར་བ་གྲུ་འདེགས་ཀྱིས་ཁྲིམས་སྐྱོང་བོད་ལྗོངས་བསྐྲུན་རྒྱུའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས་ཤིང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་མཉམ་དུ་བཀོད་སྒྲིག་དང་། མཉམ་དུ་སྐུལ་འདེད། མཉམ་དུ་དཔྱད་ཞིབ། མཉམ་དུ་བྱ་དགའ་ཆད་གཅོད་བཅས་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཁྲིམས་སྐྱོང་ལ་གོང་བཀུར་དང་། བཅའ་ཁྲིམས་ལ་གུས་སྐྲག བཅའ་ཁྲིམས་ཁོང་དུ་ཆུད་པ་བཅས་བྱེད་པར་སྐུལ་ཁྲིད་བྱས་ཏེ། ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་བྱ་ཐབས་ལ་བརྟེན་ནས་འགལ་ཟླ་སེལ་བ་དང་། བརྟན་ལྷིང་སྲུང་སྐྱོང་། ཉེན་ཁར་ཁ་གཏད་གཅོག་པ་བཅས་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཏང་དང་། རྒྱལ་ཁབ། མི་དམངས། བཅའ་ཁྲིམས་བཅས་ལ་བློ་དཀར་སེམས་དཀར་བྱེད་མཁན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལས་དོན་དཔུང་ཁག་ཅིག་ཧུར་ཐག་གཏོད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་མཉམ་ཤུགས་ཆགས་པར་བྱས་ཏེ། ཁྲིམས་སྐྱོང་ལྟ་ཞིབ་དང་སྒྲིག་བཤེར་ལྟ་ཞིབ་ལྟ་སྐུལ་མཐུན་སྦྱོར་གཞོགས་འདེགས་བྱེད་པའི་ལམ་སྲོལ་བཙུགས་ནས་དེ་བས་རང་རྟོགས་ངང་ཁྲིམས་ལྟར་བོད་སྐྱོང་མཐའ་འཁྱོངས་དང་ཁྲིམས་ལྟར་བོད་སྐྱོང་ལ་སྔར་བས་སྐུལ་འདེད་ཏན་ཏིག་བཏང་སྟེ། ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།